སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མེས་པོའི་ལག་རྒྱུན་འཛིན་ནས་ངོ་མཚར་གཏོད།
སྤེལ་དུས། 2016-08-01   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  སྐྱ་རེངས།
          འཇུན་པ་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོར་ཆགས་ཤིང་། བོད་ཀྱི་ཉ་ལས་གྲོང་ཚོ་འབའ་ཞིག་དང་། ཉ་ལས་དང་ཀོ་ལྤགས་ལས་སྣོན་མཉམ་དུ་བྱེད་པའི་གྲོང་ཚོ་ཞིག་རེད། ཀོ་ལྤགས་འཚེམ་བཟོ་ནི་ས་གནས་དེ་གའི་ཁྱད་ཆོས་ཡིན་ཞིང་2010ལོར་འཇུན་པའི་ཀོ་ལྤགས་འཚེམ་བཟོའི་ལས་སྣོན་དེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་འཁོད་ཡོད།
          ལྷ་ས་ནས་འཇུན་པ་བར་བར་ཐག་རིང་པོ་མེད། ང་ཚོ་ཚེ་རིང་གིས་གཉེར་སྐྱོང་བྱེད་པའི་པདྨ་ལྷ་འཛོམས་འཇུན་པ་ཉ་གྲོང་གི་ཀོ་ལྤགས་ལས་སྣོན་ཁང་དུ་སྐྱོད་པ་ཡིན། དང་ཐོག་ཚེ་རིང་གིས་ང་ཚོར་ཐོན་རྫས་འགྲེམས་ཁུལ་དུ་ལྟ་སྐོར་བྱེད་པར་ཁྲིད་པ་དང་དེ་གར་ཀོ་གྲུ་ཕུད་ད་དུང་དངུལ་ཁུག་དང་། ཤོ་གདན། ཐང་ཁུག ལྟོ་ཕད་སོགས་ལྤགས་པའི་ཐོན་ཟོག་རིགས་སྣ་ཁ་40ལྷག་ཙམ་འདུག ད་དུང་ཁང་པ་གཞན་དག་གཉིས་ནང་ཀོ་གྲུ་དཀར་པོ་གཉིས་དང་བོད་སྣུམ་ནང་སྦངས་པའི་ཀོ་གྲུ་གཉིས་འདུག ཚེ་རིང་གིས་ཀོ་གྲུ་བཞི་པོར་མཛུབ་མོ་འཛུཌ་བཞིན་དུ“དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་ཀུང་སིས་ཆེད་མངགས་མངགས་པ་དང་མངགས་ཐེངས་གཅིག་ལ་ཁྱོན་བསྡོམས་ཀོ་གྲུ་52མངགས་ནས་འདི་ལོའི་དངོས་ལྗོངས་འཁྲབ་སྟོན་ནང་སྤྱོད་རྒྱུ་རེད། ང་ཚོས་ཆེད་མངགས་བཟོས་པའི་ཀོ་གྲུ་དེ་གཉིས་འཁྲབ་གཞུང་ཚོགས་ཆུང་གིས་བདམས་རྗེས་ཕྱིས་སུ་འབོར་ཆེན་འཚེམ་བཟོ་བྱ་རྒྱུ་རེད”ཅེས་བཤད་བྱུང་།

          འཇུན་པ་ནི་ཚར་པ་ནང་གྲོང་ཚོའི་འཇུན་པའི་གྲོང་ཚོ་གཉིས་པ་ཡིན་པ་དང་ཚང་མས་འཇུན་པ་ཉ་གྲོང་ཞེས་བརྗོད་ཀྱི་ཡོད། གྲོང་ཚོའི་བྱང་ངོས་ནི་ལྷ་སའི་སྐྱིད་ཆུ་ཡིན་ཞིང་། ཚེ་རིང་གིས་དུས་ཡུན་རིང་པོའི་ནང་དེ་གའི་འགྲིམ་འགྲུལ་ཡག་པོ་མེད་སྟབས་ཉ་གྲུར་བརྟེན་ནས་ཉ་བཟུང་བ་མ་ཟད་ཆུ་ཐོག་གི་འགྲིམ་འགྲུལ་ཡོ་ཆས་ཤིག་ཏུ་གྱུར་ཡོད། ལྷག་པར་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རིང་བོད་ཀྱི་འཇུན་པ་གྲོང་ཚོ་དང་། ཁ་རུབ། ནུ་པ་སོགས་སུ་ཆེད་མངགས་ཀོ་གྲུའི་སྐྱེལ་འདྲེན་ལ་བརྟེན་ནས་འཚོ་ཐབས་བྱེད་པ་དེའི་ནང་ཆུ་ཤུར་རྫོང་གི་འཇུན་པ་གྲོང་ཚོ་ནི་དཔེ་མཚོན་ཞིག་ཡིན་པ་དང་གཞི་ཁྱོན་ཡང་ཆེ་ཤོས་རེད།
          དེས་ན་འཇུན་པའི་སྐོར་གླེང་ཚེ་མི་རྣམས་ཀྱི་བློ་ཡུལ་དུ་འཇུན་པའི་ཀོ་གྲུ་དང་ཀོ་གྲུའི་ཞབས་བྲོ་འཆར་སྲིད། འོ་ན་ཀོ་གྲུ་ནི་ཇི་ལྟར་བྱས་ནས་འཚེམ་བཟོ་བྱས་པ་ཞིག་ཡིན་ནམ།
          ཚེ་རིང་གིས་ཀོ་གྲུའི་དཔེ་དབྱིབས་ཆུང་ཆུང་ཞིག་གི་མདུན་དུ་ང་ཚོར་ཀོ་གྲུ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་གཙང་ཆུ་སྒྲོལ་པའི་ཡོ་ཆས་ཤིག་ཡིན་པ་དང་། ལྷ་ས་སྐྱིད་ཆུ་དང་ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་ཀོ་གྲུ་ནི་ལེགས་ཤོས་རེད། ཀོ་གྲུར་བརྟེན་ནས་གཙང་ཆུ་སྒྲོལ་བ་དང་། སྐྱེལ་འདྲེན་བྱེད་པ། ཉ་འཛིན་པ་བཅས་བྱེད་ཆོག་ཅེས་བཤད་བྱུང་།
          ཀོ་གྲུའི་འཚེམ་བཟོའི་ཐད་ཚེ་རིང་གིས“ཀོ་གྲུའི་བཟོ་དབྱིབས་གྲུབ་ཆ་སྟབས་བདེ་ཡིན་པ་དང་། ཤིང་ཆ་མཁྲེགས་ཙམ་ཞིག་བདམས་ནས་ཀོ་གྲུའི་གྲུ་ཚིགས་བྱེད་ཀྱི་ཡོད། ཀོ་བ་ཆུའི་ནང་སྦངས་བ་དང་ཀོ་བའི་ཐོག་གི་རྩིད་པ་དང་སྐྱི་མོ་གཙང་མ་བཀོག་རྗེས་ཀོ་བ་བཞི་བསྒྲིགས་ནས་འཚེམ་བཟོ་བྱེད་པ་དང་། ཀོ་བ་རློན་པའི་སྐབས་གྲུ་ཚིགས་བཏུམ་པ་དང་ཆབས་ཅིག་རྒྱུན་བུས་དམ་པོར་བཅིངས་རྗེས་ཉི་སྐམ་གཏོང་བ་དང་། སྣུམ་བྱུག་པ་བཅས་བྱས་ནས་གྲུབ་ཀྱི་ཡོད། དེ་རྗེས་ཀོ་བའི་སྲུབ་ཁར་ནོར་ལུག་གི་ཚི་ལུ་བྱུགས་ནས་ཆུ་མི་འཛུལ་བ་བྱེད་ཀྱི་ཡོད། ཀོ་གྲུ་ཆུར་བཏང་རྗེས་རློན་མཉེན་དུ་འགྲོ་བ་དང་ཡང་པོ་ཡོད་སྟབས་གཙང་ཆུ་གཏིང་རིང་ཐུང་ལ་མི་བལྟོས་པར་ཚང་མར་གཏོང་ཐུབ་ཀྱི་ཡོད”ཅེས་ཆུ་རྒྱུག་རྒྱུག་ངང་བཤད་བྱུང་།

          ཀོ་གྲུའི་ལོ་རྒྱུས་ཐད་ཚེ་རིང་ལ་རྒྱུས་མངའ་ཆེན་པོ་ཡོད་པ་དང་ཁོང་གིས“བསམ་ཡས་དགོན་གྱི་ལྡེབས་རིས་ཐོག་བཀོད་པའི་བཙན་པོའི་དུས་སྐབས་ཀྱི་ཐོག་མའི་ཀོ་གྲུ་ནི་སྒོར་གཟུགས་སྒོར་མཐིལ་གྱི་གྲུ་ཡིན་པ་དང་ཚོད་དཔག་བྱས་ན་ཉེ་རབས་ཀྱི་ཀོ་གྲུ་ལས་ཆུང་བ་ཡོད་པ་དང་ཀོ་གྲུའི་ནང་མི་གསུམ་བཞི་ཙམ་ལས་གཤོང་གི་མེད། ཉེ་རབས་ཀྱི་ཀོ་གྲུ་ནི་ཐོག་མའི་དུས་སུ་སྐས་གཟུགས་ཡིན་པ་དང་ཀོ་བ་བཞི་ལས་འཚེམ་བཟོ་བྱས་པ་ཞིག་ཡིན་སྟབས་སྔ་མའི་ཀོ་གྲུ་ལས་ལྡབ་གཅིག་གིས་ཆེ་བ་ཡོད་པས་མི་བདུན་བརྒྱད་ཙམ་གཤོང་གི་ཡོད། གལ་ཏེ་ཆུ་ཐོག་གི་ལམ་ཐག་རིང་པོ་ཡོད་པ་དང་དེའི་ནང་སྡོད་མཁན་མང་པོ་ཡོད་ཚེ་ཀོ་གྲུ་གཉིས་མཉམ་དུ་བསྒྲིགས་ནས་གཏོང་གི་ཡོད་པས་ཉེན་ཁ་ཆུང་དུ་འགྲོ་བ་དང་། མི་དང་དངོས་པོ་ཡང་ཐེངས་གཅིག་ལ་དབོར་ཐུབ་ཀྱི་ཡོད། ཀོ་གྲུ་གཅིག་གི་ལྗིད་ཚད་ཧ་ལམ་རྒྱ་མ་10ལྷག་ཙམ་ནས་30ལྷག་ཙམ་བར་ཡོད་པས་མི་གཅིག་གིས་སྒལ་པར་ཁུར་ཐུབ”ཅེས་བཤད་བྱུང་།
          ཤོད་སྲོལ་ལ་ཀོ་གྲུ་དེ་འཇུན་པའི་ལོ་རྒྱུས་ཐོག་གི་ཐོག་མའི་བཟོས་རྫས་ཡིན་པ་དང་ཀོ་གྲུ་འཚེམ་བཟོ་བྱེད་རིང་ཀོ་ལྤགས་ལྷག་རོ་མང་པོ་ཡོད་པ་དང་ཕྱིས་སུ་ལག་རྩལ་པ་ཚོས་དེ་དག་འཕྲོ་བརླག་མི་འགྲོ་བ་བྱེད་ཆེད། ཀོ་ལྤགས་ཀྱི་མཁོ་ཆས་སྣ་ཚོགས་འཚེམ་བཟོ་བྱ་རྒྱུའི་བསམ་བློ་འཁོར། དེ་ནས་བཟུང་འཇུན་པའི་གྲོང་མིས་ཉ་འཛིན་པ་དང་ཉ་སྟོན་བཤམས་པ་དང་ཆབས་ཅིག་ཀོ་ལྤགས་རིགས་འཚེམ་བཟོ་བྱ་རྒྱུ་དར་བ་རེད།
          འཇུན་པའི་ཀོ་ལྤགས་འཚེམ་བཟོའི་ལས་སྣོན་གྱི་སྣ་ཁ་ཧ་ཅང་མང་པོ་ཡོད། འཚོ་བའི་སྤྱོད་རྫས་དང་། ཁྱིམ་ཚང་གི་མཛེས་རྒྱན་སྤྲོས་ཆས། འགྲེམས་དངོས་སོགས་ཡོད། ཀོ་ལྤགས་དེ་དག་ནི་འབྲི་གཡག་དང་། ར་ལུག གཟིག་སོགས་དང་ཐ་ན་ཉ་ལྤགས་ཀྱང་ཡོད། བཅིངས་འགྲོལ་མ་བཏང་གོང་བོད་ས་གནས་སྲིད་གཞུང་གིས་འཇུན་པས་ལོ་གཅིག་ལ་ངེས་པར་དུ་ཀོ་གྲུ་གཉིས་ས་གནས་སྲིད་གཞུང་ལ་འབུལ་བ་དང་། ད་དུང་ལས་སྣོན་གྱི་ཁྲལ་སྣ་ཚོགས་འཇལ་དགོས་པའི་གཏན་འབེབས་བྱས་ཡོད། དགོན་སྡེ་ཆེ་ཁག་གི་བླ་མ་ཚོས་གྱོན་པའི་འཇའ་ཆེན་སྣ་ཀེར་ནི་གྲོང་མིས་འཚེམ་བཟོ་བྱས་པ་ཞིག་རེད། ཌ་མ་རུ་འཚེམ་བཟོའི་ཐད་དོ་སྣང་ཆེན་པོ་བྱེད་དགོས་པ་དང་། ལོ་རྒྱུས་ཐོག་དེ་དག་མང་ཆེ་བ་ནི་གྲོང་མིས་ཉ་ལྤགས་སྤྱད་ནས་འཚེམ་གྱི་ཡོད། དེ་གོང་འཇུན་པ་གྲོང་ཚོའི་ཀོ་ལྤགས་འཚེམ་བཟོ་དང་ཉ་ལས་དབར་ལས་ཞུགས་ཀྱི་གཏན་འབེབས་ནན་པོ་ཡོད་པ་སྟེ། ཀོ་ལྤགས་འཚེམ་བཟོ་བྱེད་མཁན་གྱིས་ཉ་ལས་བྱེད་མི་ཆོག་པ་དང་ཉ་ལས་བྱེད་མཁན་གྱིས་ཀོ་ལྤགས་འཚེམ་བཟོ་བྱེད་མི་ཆོག་པ་དེ་རེད།
          ཚེ་རིང་གིས་འཇུན་པའི་ཀོ་ལྤགས་འཚེམ་བཟོའི་ལོ་རྒྱུས་དང་འཇུན་པའི་ཀོ་གྲུ་འཚེམ་བཟོའི་ལོ་རྒྱུས་ཧ་ཅང་འདྲ་པོ་ཡོད། ལག་རྩལ་དེ་བཙན་པོའི་དུས་སུ་དེད་ཐུབ་ཀྱི་ཡོད། དེར་བརྟེན་འཇུན་པར་གནའ་སྔ་མོ་ནས་བཟུང་ཀོ་ལྤགས་འཚེམ་བཟོའི་སྲོལ་རྒྱུན་ལྡན་པ་དང་ཁྱིམ་ཚང་གི་འཚེམ་བཟོའི་རྣམ་པའི་ཐོག་ནས་ད་བར་དར་ཡོད། ད་ཆ་ཁྱིམ་ཚང་70%ཙམ་གྱིས་ཁྱིམ་ཚང་གི་བཟོ་ཁང་རྣམ་པའི་ཐོག་ནས་ཀོ་གྲུ་ཆུང་གྲས་དང་། ཐང་ཁུག ཇ་ཁུག་སོགས་ཀོ་ལྤགས་རིགས་ཀྱི་མཁོ་ཆས་སྣ་ཚོགས་འཚེམ་བཟོ་བྱེད་ཀྱི་ཡོད།
          ཚེ་རིང་གིས་ཀོ་ལྤགས་འཚེམ་བཟོའི་ལག་རྩལ་དེ་ཕ་བསམ་གྲུབ་ཚེ་རིང་ས་ནས་སྦྱངས་པ་ཞིག་ཡིན་ཞིང་། ཕ་མེས་ཀྱི་ལག་རྩལ་མང་ཆེ་བ་ཚང་མ་སྲོལ་རྒྱུན་གཞིར་བཟུང་ཡིན་ལ་ཀོ་ལྤགས་འཚེམ་པའི་བརྒྱུད་རིམ་ཡང་གཅིག་མཚུངས་ཡིན་པས་ཀོ་ལྤགས་ཆུའི་ནང་སྦངས་ནས་སྤུ་རྣམས་བཏོགས་ཏེ་ཉི་མར་སྐམ་པ་དང་། སྣུམ་བྱུག་པ། དུས་ཚོད་ངེས་ཅན་སྤྱད་དེ་མཉེད་ཀྱི་ཡོད། ཚོས་གཞི་གཙོ་བོ་ནི་དཀར་པོ་རེད།
          2004ལོར་ལྷ་སའི་ཡུལ་སྐོར་ལས་རིགས་རིམ་བཞིན་འཕེལ་རྒྱས་ཕྱིན་ནས་ཞིང་འབྲོག་མང་ཚོགས་མང་པོ་ཞིག་ལ་ཚོང་གཉེར་གྱི་གོ་སྐབས་ཐོབ་ཡོད། ཉིན་ཞིག་ཚེ་རིང་དང་། གཅུང་པོ་ཉི་མ། ཐུབ་བསྟན་བཅས་གསུམ་གྱིས་བཙེམ་པའི་ཀོ་ཁུག་འཁྱེར་ཏེ་བར་སྐོར་ཁྲོམ་གཞུང་དུ་ཕྱིན་པས་དམིཌ་བསལ་གྱི་ཁྱད་ཆོས་ལྡན་ཞིང་སྟབས་བདེ་ལ་དར་སྲོལ་གྱི་ཉམས་འགྱུར་ཡང་ལྡན་པའི་ཀོ་ཁུག་དེ་ཚོང་པ་ཞིག་གིས་མཐོང་བས་དེ་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་ཡོང་བའི་ཚོང་ཟོག་ཞིག་ཏུ་ངོས་འཛིན་བྱས་ནས་དེ་མ་ཐག་སྤུན་མཆེད་གསུམ་དང་མཉམ་ལས་ཀྱི་འཆར་གཞི་དང་ཚོང་ཟོག་སྔོན་མངགས་བྱས།
          “ང་ཚོའི་ཐོན་ཟོག་ནང་སྲོལ་རྒྱུན་གྱི་ཐང་ཁུག་དང་། ཇ་ཁུག དར་སྲོལ་ཆེ་བའི་བུད་མེད་ཀྱི་ལྟོ་ཕད། ངོས་སྙོམས་གློག་ཀླད་ཀྱི་ཀོ་ཁུག་སོགས་ཡོད་ལ་ད་དུང་ཉོ་མཁན་གྱི་དགོས་མཁོར་གཞིགས་ཏེ་མངགས་ཉོ་བྱས་ན་འགྲིག་གི་ཡོད”ཅེས་བཤད་པ་རེད། སྲོལ་རྒྱུན་གྱི་འཚེམ་བཟོའི་རྨང་གཞིའི་ཐོག་ཚེ་རིང་གིས་ཁྲོམ་རའི་དགོས་མཁོ་དང་རང་ཉིད་ཀྱི་རི་མོའི་རྩལ་ནུས་ལ་བརྟེན་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་ཀོ་ལྤགས་ཐོན་ཟོག་མང་པོ་ཞིག་འཆར་འགོད་འཚེམ་བཟོ་བྱས་པ་དང་ལྷག་པར་དུ་ཀོ་ལྤགས་སྟེང་གི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོས་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་གཙོ་བོར་མངོན་པས་ཉོ་མཁན་རྣམས་ཀྱིས་དགའ་པོ་བྱེད་པ་མ་ཟད་ཀོ་ལྤགས་མཁོ་ཆས་ཀྱི་ཚོས་གཞི་ཡང་མང་དུ་ཕྱིན་ཡོད།
          འཚེམ་བཟོ་ཁང་དུ་བཟོ་པ་འགའ་ཞིག་ཁ་གདན་ཐོག་བསྡད་ནས་གཞས་གཏོང་གིན་དུ་འཚེམ་བུ་རྒྱག་བཞིན་འདུག་ལ་དེ་མིན་གྱི་བཟོ་པས་དྲས་རྒྱག་བཞིན་མཆིས། དྲས་པའི་རི་མོ་དེ་དག་ཚེ་རིང་རང་ཉིད་ཀྱིས་ལོ་མང་གི་ཉམས་མྱོང་ལ་བརྟེན་ནས་འཆར་འགོད་བྱས་པ་ཞིག་ཡིན་ལ་ཁོང་གི་ཐོན་ཟོག་ལ་ཐུན་མིན་ཁྱད་ཆོས་ལྡན་ཡོད། ཀོ་ཆས་དེ་དག་བཟོ་བར་ང་ཚོས་བསམ་ཚོད་བྱས་པའི་འཚེམ་འཁོར་དང་། ཇེམ་ཙེ། གྲི་ལྷེབ། འབིག་སོགས་ཡོ་ཆས་དགོས་པ་མ་ཟད། ད་དུང་མིང་མི་ཤེས་པའི་ལག་ཆ་སྣ་ཚོགས་སྤྱོད་དགོས། “ལག་ཆ་དེ་དག་ནི་ང་ཚོའི་ལག་རྩལ་ངོམས་བྱེད་ཀྱི་ནོར་བུ་ཤ་སྟག་ཡིན་པས་སྣ་ཁ་50ལྷག་ཙམ་ཡོད”
          ད་ཆ་ཚེ་རིང་གིས་བཟོས་པའི་ཀོ་ཆས་དེ་དག་ཁྲོད་ཉུང་ཤས་ཤིག་གི་ཐོག་མའི་རྒྱུ་ཆ་ནི་ལས་སྣོན་བྱས་མེད་པའི་སྤུ་ཡོད་ཀོ་བ་ཡིན་པ་དང་། དེ་མིན་རྒྱུ་ཆ་མང་ཆེ་བ་ནི་ལྷ་ས་ཀོ་ལྤགས་བཟོ་གྲྭ་ནས་ཉོ་སྒྲུབ་བྱས་པས་སྤུ་འཐོག་པ་དང་། ཀོ་བ་མཉེད་པ། ཚོན་གཏོང་བ་སོགས་བྱེད་དགོས་མེད། ད་ཆ་ཀོ་ཆས་བཟོ་བྱེད་ཀྱི་རྒྱུ་ཆ་དཀོན་པ་དང་འཕེལ་རྒྱས་ཀྱི་མ་དངུལ་མི་འདང་བའི་རྐྱེན་གྱིས་ཚེ་རིང་གི་འཚེམ་བཟོ་ཁང་གི་གཉེར་སྐྱོང་གཞི་ཁྱོན་ཆེ་རུ་གཏོང་རྒྱུའི་ཐད་དཀའ་ངལ་འཕྲད་ཡོད།

          འཇུན་པ་གྲོང་ཚོའི་གྲོང་མི་ཚོས་འབྲི་གཡག་དང་། ལུག ཉ་སོགས་ཀྱི་པཌ་པ་སྤྱད་དེ་ཀོ་ཆས་སྣ་ཚོཌ་བཟོས་ཤིང་། དེ་སྔ་བཟོས་པའི་ཀོ་ཆས་མང་ཆེ་བ་ནི་འཚོ་བའི་མཁོ་ཆས་ཡིན་པ་དང་ད་ཆ་ཁོང་ཚོས་དགོས་ངེས་ཀྱི་འཚོ་བའི་མཁོ་ཆས་བཟོ་བ་ཕུད་ད་དུང་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་པའི་ཚོང་ཟོག་ཀྱང་བཟོ་གི་ཡོད། འཇུན་པའི་ཀོ་ཆས་ལྷ་སར་བྲིན་ཁ་རྒྱུག་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཚོས་ཀྱང་ཧ་ཅང་དགའ་པོ་བྱེད་ཅིང་། ད་ཆ་ཚོང་ཟོག་ཁྲོམ་རར་འདོན་ཐུབ་པ་བྱུང་བའི་ཐོག་རྒྱལ་སྤྱིའི་ཐོག་ཏུའང་བསྐྱོད་ཐུབ་པ་བྱུང་ཡོད།
          ཀོ་གྲུ་དང་། ཉ་ཟས། ལག་བཟོའི་ཀོ་ཆས་བཅས་འཇུན་པ་གྲོང་ཚོའི་མིང་བྱང་ལྟ་བུར་གྱུར་ཡོད། ད་ཆ་ཁོང་ཚོས་ཉ་ཟས་བཟོ་བ་དང་། པཌ་པའི་ལས་སྣོན། ཀོ་རྩེད་བཅས་ལ་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་པ་མ་ཟད། གཟིགས་སྐྱོང་སྲིད་ཇུས་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་བཏང་བར་བརྟེན་ཞིང་འབྲོག་པར་འབབ་འཕར་བྱུང་བའི་ཐོག་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཐུབ་ནས་ཉ་ལས་དང་། ལག་ཤེས་བཟོ་ལས། ཡུལ་སྐོར་ལས་རིགས་བཅས་ཀྱི་སྐུལ་ཁྲིད་འོག་འཇུན་པའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716