སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྒྱལ་པོ་དང་དམངས་ལ་སྤྲིངས་པའི་གཏམ་རབ་ཏུ་བྱེད་པ་འཇིག་རྟེན་གསོ་བའི་སྣ་ཞེས་བྱ་བ།
སྤེལ་དུས། 2016-04-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  རིག་འཛིན་འཇིགས་མེད་གླིང་པ།

 ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ།  །མདོ་ལས་ཆོས་ལྡན་རྒྱལ་པོ་ལ།  །ཡན་ལག་རྣམ་པ་བཅུ་བཤད་དེ།  །མང་པོའི་དབུས་ནས་བཀྲབས་པ་དང་།  །བློན་དང་བློ་གྲོས་གཡོན་ཅན་གྱི།  །དེ་ཡི་བརྟུལ་ཞུགས་མི་བརྫི་ཞིང་།  །འབངས་ལ་གནོད་པ་མེད་པ་དེར།  །གནམ་གྱིས་བསྐོས་པ་ཞེས་སུ་གྲགས།  །བྱ་བ་ཀུན་ལ་བརྟག་མཁས་ཤིང་།  །རིགས་པའམ་མ་ཡིན་རྣམ་པར་ཕྱེད།  །གཟུ་ལུམ་འཁོར་དུ་མི་ལྡན་ན།  །འབངས་དང་གློ་བ་ཉེ་བར་འགྱུར།  །བསམ་པ་མཆོག་ཏུ་དགེ་ན་ཡང་།  །ཐབས་མཁས་ཤེས་རབ་མཐུ་མེད་ན།  །སྐྱེས་དགུ་བདེ་བར་སྐྱོང་མི་ནུས།  །དེ་ཕྱིར་ལུགས་ཀྱི་བསྟན་བཅོས་བསླབ།  །བྱ་བ་དང་ནི་མ་ཡིན་པའི།  གནས་ལ་དེ་མ་ཐག་མི་ཁྲོ།  །ཐེག་པ་ཆེ་ན་དགྲ་ཟླ་ཉུང་།  །བདེ་བར་གནས་ན་བང་མཛོད་སྤེལ།  །རྟག་ཏུ་བསོད་ནམས་འཕེལ་བའི་ཕྱིར།  རྒྱལ་སྲིད་ཆོས་ཀྱི་ལུགས་སུ་བསྐྱང་།  །ཧ་ཅང་མི་བསྲུན་ཚེར་མ་ལྟའི།  །སྐྱེས་བུ་འཕེལ་ན་ཁྲིམས་ཀྱིས་གཞར།  །དེ་ལྟ་མོད་ཀྱི་ཁྱུ་མཆོག་དང་།  །གླ་བ་སྲོག་དང་བྲལ་གྱུར་ཀྱང་།  །གི་ཝང་གླ་རྩི་ཡོད་པའི་དཔེས།  །ངུར་སྨྲིག་གཟུགས་གནས་ཁྲིམས་འཆལ་ཡང་།  །ལྕག་དང་དབྱིག་པས་གཞུས་པ་དང་།  །བཙོན་རར་འཆིང་དང་ཡན་ལག་གཏུབ།  །སྟོན་པ་ཉིད་ཀྱིས་མ་གནང་ན།  །ཚུལ་ཁྲིམས་ལྡན་ལ་སྨོས་མི་དགོས།  །བྱ་བ་རྩོམ་ལ་དཀྱེལ་ཆེ་ཡང་།  །ལས་མཐའ་རིང་ན་དེ་དང་དེ།    འགྲུབ་བམ་ཅིག་ཤོས་ཐེ་ཚོམ་ཕྱིར།  །མྱུར་དུ་རྩོགས་ན་མཁས་པ་ཡིན།  །སྤྱོད་པ་བསླང་པོས་ཡུལ་འཁོར་འབྲོས།  །འཇིག་རྟེན་ན་ནི་དེས་པ་དང་།  །བྱམས་པར་གྱུར་པ་ཆོས་རྒྱལ་ཞེས།  །གུས་པ་ཁྱོད་ཀྱིས་མ་ཐོས་སམ།  །སྐྱེ་དགུ་བདེ་བར་སྐྱོང་བ་ལ།  །དེ་ཡི་ཀུན་སྤྱོད་རིག་པ་དགོས།  །གནས་དང་གནས་མིན་མི་ཤེས་ན།  །ཆོ་རིགས་བཙུན་ཡང་ལྐུགས་པ་ཡིན།  །བྱ་བ་བདག་གིས་ལེགས་ཤེས་ཀྱང་།  །འགྱོད་པ་སྤང་ཕྱིར་གྲོས་ཀྱིས་བསྒྲུབ།  །དེ་ལྟར་བསྒྲུབས་ནས་སྡུག་བསྔལ་ཡང་།  །མི་འཇིགས་པ་དེ་བློ་ཆེན་ཡིན།  །ཇི་ཙམ་རྒུད་པའི་མཐར་ལྷུང་ཡང་།  དཀོན་མཆོག་རྣམ་གསུམ་མི་སྤང་ཞིང་།  །བཤེས་གཉེན་དམ་པའི་ངག་མཉམ་པ།  །དེ་ལ་ཆོས་ལྡན་རྒྱལ་པོར་གྲགས།  །གལ་ཏེ་དེ་ལས་དགྲས་གཙེས་ཀྱང་།  །ཐབས་ལ་མཁས་པའི་ནན་ཏན་གསུམ།  ཐོག་མཐའ་གར་དུ་ཉམས་བརྡར་ལ།  འཐབ་མོ་ཞི་བའི་བརྟུལ་ཞུགས་བླང་།  །ཕྱི་དུས་འདི་ན་རྒྱལ་པོའམ།  །བློན་པོ་དག་ནི་གཙོ་བོ་དག  །མི་མཁས་གཏི་མུག་རང་བཞིན་ཕྱིར།  །མཛའ་བའི་ཐབས་ལ་ནན་ཏན་བྱ།  །དྲེགས་ལྡན་ཉིད་ཀྱང་ནོར་ལ་སྲེད།  །གཡུལ་གྱི་ཕྱིར་ན་དེ་བཏང་སྟེ།  །གྲོང་ཁྱེར་ཕྱིར་དུ་གྲོང་ཡང་བཏང་།  །ནན་ཏན་བྱ་བ་གཉིས་པ་ཡིན།  །སྐྱེས་རབས་ལས་ཀྱང་དེ་སྐད་དུ།  །ཁྱིམ་གྱི་ཕྱིར་ན་གཅིག་བཏང་སྟེ།  །སྲོག་གི་ཕྱིར་ན་ཁྱིམ་བཏང་ངོ་།  །ལྗོངས་ཀྱི་ཕྱིར་ན་གྲོང་ཁྱེར་ཏེ།  །བདག་གི་དོན་ལ་ས་བཏང་བཤད།  །དེས་ཀྱང་ཉེ་བར་མ་ཞི་ན།  །དཔུང་གི་གཟི་བྱིན་མཐུ་བསྐྱེད་དེ།  །ཕྱོགས་ནི་མང་པོ་ཉེ་བར་བཟུང་།  །དགྲ་ཟླ་འཇིགས་པའི་བརྟུལ་ཞུགས་རྔོམ།  །ནན་ཏན་གསུམ་གྱིས་མ་ལྡོག་ན།  །བདག་ནི་གཡུལ་ལ་སྤྲོ་འབང་མེད།  །སྐྱེ་དགུ་ཕུང་བར་མི་འགྱུར་གྲང་།  །གྱུར་པ་ལས་ཀྱང་སླར་ལྡོག་གོ།  །སྡིག་པའི་ཕྱོགས་ལས་མ་རྒྱལ་ན།   སྲོག་ཀྱང་གཟུང་བར་ཡོངས་མི་ནུས།  བསྟན་པ་ཉིད་ཀྱང་ཉམས་ཉེས་འགྱུར།  །སྙན་དུ་དྲན་པ་ཉེ་བར་གཞག  །གཡུལ་གྱི་ཕྲུ་མ་ལ་གནས་པའི།  །དཔལ་བ་རབ་འབྲིང་ཐ་གསུམ་ལས།  །ཐ་མ་ཉིད་ནི་ཐོག་མར་བཤམ།  །རྟ་པའི་ཚོགས་ནི་རྒྱབ་ནས་སོ།  །དེ་དག་བདེ་བར་བརྒལ་བ་དང་།  །བརྟུལ་ཞུགས་བརྟན་པར་འགྱུར་བ་དང་།  །བྱས་པ་གཟོ་བའི་གནས་སྟོན་ཕྱིར།  །མི་དབང་ཉིད་ནི་ཕྱི་བཞིན་འབྲང་།  །དེ་ལྟར་ཐབས་ལ་མཁས་པ་ཡི།  །ཕ་རོལ་གྱི་ནི་དཔུང་བཀུམ་མམ།  རྨ་ཕྱུང་ནའང་རྒྱལ་པོ་ལ།  །ཁ་ན་མ་ཐོ་ཉུང་བར་འགྱུར།  །དེ་བཞིན་འདུ་ཤེས་བརྒྱད་ལ་བསླབ།  །ཡུལ་འཁོར་ལ་ནི་བུ་བཞིན་དེ།  །བྱམས་པའི་སེམས་ཀྱིས་མཐུན་པར་བལྟ།  །སྤྱོད་པ་ཡུལ་ལ་ཁྲོ་བ་སྤང་།  འཕྲལ་དུ་ཟས་དང་དབྱིག་གིས་བརྔན།  །ཡུན་དུ་ཕན་དང་བདེ་བའི་ཕྱིར།  །ཡན་ལག་བརྒྱད་དང་དགེ་བཅུའི་ཁྲིམས།  འཆའ་ཞིང་རི་རྒྱ་ཀླུང་རྒྱ་བསྡམ།  དཔྱ་ཁྲལ་རིགས་པར་བསྡུ་མོད་ཀྱི།   ལོ་ཏོག་ལ་ནི་སེར་བའམ།  །དུས་ཀྱི་ཆད་པས་ཉམས་པའི་ཚེ།  །འབངས་ལ་སྣུམ་ལྟར་འཚིར་བ་སྤང་།  །གལ་ཏེ་མི་བསྲུན་ཚར་གཅོད་ཀྱང་།  །དེ་ལ་ཁྲོ་བ་འགོད་པ་མིན།  །སྨན་པས་ནད་ལ་གཏར་བསྲེགས་བཞིན།  །སྐྱོན་བསལ་ཆོ་ག་ཡང་དག་བསམ།  །འབངས་ལས་ཕྲོགས་པའི་ལོངས་སྤྱོད་ནི།  །ཆེན་པོའི་རྒྱན་དུ་མཛེས་མ་ཡིན།  མཚོན་ཆའི་ཐབས་ལ་མཁས་གྱུར་ཀྱང་།  །རྔོན་པ་དཔའ་བོར་སུ་ཞིག་སྒོམ།  འཇིག་རྟེན་ན་ནི་དགྲ་འབྱུང་བའི།  །ལེ་ལན་འཁོར་སེམས་ཉིད་ལ་གནས།  འཁོན་དང་ཁྲོ་བ་ཚར་བཅད་ན།  །དགྲ་ཡང་མཛའ་བཤེས་འགྱུར་བ་སླ།  ཉེ་བ་ལྔ་ཡི་ཆར་གཏོགས་པས།  །ཁྲིམས་ལྡན་མ་ལ་གཡེམ་མི་བགྱིད།  །མེ་ལོང་གདོང་གི་གཏམ་རྒྱུད་བཞིན།  །ཞལ་ལྕེ་ཉེ་འཁོན་མེད་པར་བཅད།  །བདག་ཉིད་བསྲུང་བ་ཡིན་པའི་ཕྱིར།  །མཛའ་བཤེས་རྣམས་ལ་ཕྱི་ཕྱིར་བལྟ།  །ཀུན་དང་བཤེས་པའི་རྟེན་འབྲེལ་འདིས།  དགྲ་བོ་མོད་ལ་མེད་པར་འགྱུར།  །འཇིག་རྟེན་ཕ་རོལ་འགྲོ་བའི་ཚེ།  རྒྱལ་སྲིད་ལོངས་སྤྱོད་རྗེས་མི་འབྲང་།  །ནན་ཏན་ཆོས་ལ་བགྱི་བ་འདི།  །བརྟུལ་ཞུགས་ཀུན་གྱི་ནང་ན་མཆོག  །རྒྱལ་པོ་ལ་གདམས་པའི་རབ་ཏུ་འབྱེད་པ་སྟེ་དང་པོའོ།

གཉིད་དང་རྨུགས་ལ་བརྐམ་པ་ཡི།  །སྐྱེས་བུས་ལེགས་ཚོགས་ཐོབ་པ་མེད།  །གལ་ཏེ་ཐོབ་ན་ལེ་ལོ་ཡི།  །ཉིས་པ་བཤད་པ་བརྫུན་དུ་འགྱུར།  །གང་ཞིག་སེར་སྣ་ལ་གནས་པས།  །ལོངས་སྤྱོད་ཕུན་ཚོགས་ཐོབ་གྱུར་ཀྱང་།  །འཆི་ཚེ་ངན་འགྲོའི་གྲོང་ཁྱེར་དུ།  །ལག་པ་སྟོང་པར་སོང་ཞེས་ཐོས།  །འགྲོ་བ་གཞན་གྱི་སྲོག་གཅོད་དང་།  །དེ་ནི་བདག་ཉིད་གསོད་པ་ཡིན།  །ཕ་རོལ་ཉམས་པ་སྨོས་ཅི་དགོས།  འཇིག་རྟེན་འདིར་ཡང་ཚེ་ཐུང་འགྱུར།  །ཆང་ལ་དགའ་བའི་སྐྱེས་བུ་ཡི།  །རིགས་དང་ཡོན་ཏན་བསྲུང་བ་མེད།  །ཆེན་པོའི་གནས་དང་འབྱོར་བའི་དཔལ།  །མཁས་པས་སྨན་དང་ལྷན་ཅིག་ཉམས།  །ལེ་ལོས་དོན་རྣམས་ཉམས་འགྱུར་ན།  །གསར་བ་ཐོབ་པ་ག་ལ་ཞིག  །སྙིང་སྟོབས་ཕུན་སུམ་ཚོགས་པའང་།  །བསྒྲིམ་པ་མེད་པས་མ་རུངས་བྱས།  །གཞན་གྱི་ནོར་དང་ལོངས་སྤྱོད་ལ།  །བརྣབ་སེམས་ཕྲག་དོག་བསྐྱེད་པ་ནི།  མཛའ་བཤེས་འབྲོས་ཤིང་ཁྱིམ་ཐབ་ལ།  །འདུ་བ་གཅོད་པའི་སྒོ་ཡིན་སྤང་།  །ཤིན་ཏུ་གཟུ་ལུམ་གཏུམ་པའི་མིར།  །ཕ་མ་དག་ཀྱང་འབྲོས་བྱེད་ན།  །སྐྱེ་བོ་གཞན་ལྟ་སྨོས་ཅི་དགོས།  །ཁྲོ་བ་ཐུལ་ལ་འཁོར་འདབས་མང་།  །མང་དུ་ཟ་བ་མཁས་པ་མིན།  །ཟས་ཀྱི་བུ་ལོན་ལྟ་ཞོག་གི།  །ལུས་ལྕི་དགེ་བ་ཉམས་འགྱུར་ལ།  །མ་འཇུས་སྲོག་ལ་རྒོལ་བའང་ཡོད།  །རྒོད་ཅིང་ཅ་ཅོ་ལ་དགའ་བ།  །འགྱོད་པ་མང་པོའི་སྣོད་ཡིན་ཏེ།  །དེ་ནི་ཆོས་ཀྱི་ལམ་གནས་ཀྱང་།  །བདེན་པ་གཉིས་ལ་རིང་དུ་གནས།  །ཁ་ནི་སྡིག་པའི་སྒོ་ཡིན་པས།  །མང་པོའི་གསེབ་ཏུ་བསྒྲིམས་ཏེ་སྨྲ།  །ཚིག་ངན་རྦབ་ཏུ་ལྷུང་བ་འདི།  །གནོད་པ་མང་ལ་ལྡོག་པར་དཀའ།  །ངེས་པར་བདེན་པའི་ཚིག་ཉིད་ཀྱང་།  །སྨྲའམ་ཅིག་ཤོས་མཁས་པས་བསྒྲིམ།  །བདེན་སྨྲས་རང་ལ་གནོད་པའི་ཚུལ།  །གཏུམ་པོ་རབ་སྣང་གཏམ་རྒྱུད་བཞིན།  །མ་བསྡམས་སྐྱེ་བོ་བྱི་ལ་དགའ།  །དེ་ལ་དེ་ཡི་ཁྱིམ་བདག་དང་།  །རང་གི་ཆུང་མའང་དགྲར་གྱུར་ནས།  །འདི་ཕྱིར་སྡུག་བསྔལ་མང་པོ་མྱོང་།  །ཕྱུག་པོ་འདོད་ནས་མ་བྱིན་ལེན།  །དབུལ་པོ་རིན་གྱིས་ཉོ་བ་སྟེ།  །གྲགས་པ་ཤིན་ཏུ་ཉམས་པའི་མཐར།  །ལུས་དང་ལོངས་སྤྱོད་གཞན་གྱིས་འཕྲོག  །རྫུན་དང་ཕྲ་མས་བྱ་བ་འགའ།  །རེ་ཞིག་གྲུབ་ཀྱང་ཐ་མར་མིན།  །སྲིན་བྱའི་རྫུན་གྱིས་བདག་ཉིད་ནི།  །ལྟས་ངན་གནས་སུ་གྱུར་པ་བཞིན།  །བསམ་ངན་བསྐྱེད་པའི་གང་ཟག་ལ།  །བསོད་ནམས་རི་ཙམ་ཡོད་གྱུར་ཀྱང་།  །དེ་མ་ཐག་ཏུ་ཉམས་གྱུར་ཏེ།  །རྒྱལ་པོ་ང་ལས་བུ་ལ་ལྟོས།  །ལོག་སྟས་རང་གི་དཔའ་ཉམས་པ།   འདི་ནི་གཞན་གྱིས་མི་ཤེས་ཏེ།  །མ་སྐྱེས་དགྲ་ལ་རྒྱལ་ཕྲན་གྱིས།  །གཡུལ་གྱི་ཕྲུ་མ་བཏབ་པ་བཞིན།  །སྐྱེ་བོ་ཆོས་ལམ་མི་གནས་ཀྱང་།  །ཕ་མ་ལ་ནི་བསྙེན་བཀུར་བྱ།  །མཐོ་རིས་བགྲོད་པའི་ཐེམ་སྐས་གཅིག  །དེ་ཉིད་ཡིན་པར་ཐུབ་པས་གསུངས།  །སློང་བ་སྐྱེས་བུ་མི་འཇུག་གོ  །བཅུག་ན་གཏན་གྱི་མཛོད་ཆུད་གསན།  །སྦྱིན་པས་ཕྱི་མར་ཕན་པ་ཙམ།  །གཏེར་དུ་སྦས་ཀྱང་འབྱུང་བ་མིན།  །གལ་ཏེ་སློང་བའི་རེས་བབ་ན།  །ངང་ཐུང་བསམ་ངནསྤོབས་པའི་བློ་གྲོས་ཀྱིས་སངས་རྒྱས་ལ་བསྙེན་བཀུར་བའི་ཚེ་དབུལ་པོའི་རེ་བ་མ་ཐོབ་པས་སྟོན་པ་ལ་ཁོང་འཁྲུགས་ཤིང་བདག་རྒྱལ་པོར་གྱུར་ན་འདི་དག་གི་མགོ་བཅད་དོ་སྙམ་པ་སྐྱེས་པས་རང་ཉིད་ཀྱི་མགོ་ཤིང་རྟའི་འཁོར་ལོས་ཆད་པ་བཞིནམི་བགྱི་སྟེ།  །ཡིད་ནི་དུག་ཅན་ཉིད་ཀྱི་ཕྱིར།  །གནོད་སེམས་རང་གི་ཐོག་ཏུ་འབྱུང་།  །ངེས་པར་འབབས་པའི་དཔྱ་དང་ཁྲལ།  །སྟོབ་པར་ནུས་བཞིན་མ་བསྟན་ན།  །རྒྱལ་པོའི་བང་མཛོད་ཉམས་པའི་ཕྱིར།  །ལ་ཡོགས་རྣམ་སྨིན་ཉིད་ལ་འཛེམ།  །མི་ཡིས་འབད་ཀྱང་མི་ཐོབ་པའི།  །ལོངས་སྤྱོད་ལྷ་ཡུལ་བསམས་པས་འབྱུང་།  །དེ་ནི་བསོད་ནམས་མཐུ་ཡིན་ཏེ།  །རིགས་ངན་རྒྱལ་པོར་གྱུར་ལ་ལྟོས།  །དེ་ཕྱིར་བསམ་པ་དགེ་བ་ལས།  །བསོད་ནམས་ཐམས་ཅད་འདུ་བྱེད་དེ།  །ལོ་བརྒྱར་འབད་ནས་ངལ་བྱེད་ལས།  །ཉིན་གཅིག་བསོད་ནམས་བསགས་པ་མཆོག  །དམངས་ལ་གདམས་པའི་རབ་ཏུ་འབྱེད་པ་སྟེ་ལེའུ་གཉིས་པའི་བདག་ཉིད་ཅན་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་དཔལ་ལྡན་པད་མ་འོད་གླིང་དུ་སྦྱར་བའོ། 

 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070