སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“འཕུར་མདེལ་གྱི་ཡབ་ཆེན”ཁཱ་ལ་མོའུ་སྐུ་གྲོངས་པར་རྒྱ་གར་གྱིས་ཉིན་བདུན་ལ་མྱ་ངན་ཞུ་རྒྱུ་རེད།
སྤེལ་དུས། 2015-07-30   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  སྙིང་མོ།

ཚེས ༢༧ ཉིན་རྒྱ་གར་འཕུར་མདེལ་གྱི་ཕ་རུ་གྲགས་པའི་ཙུང་ཐུང་ཟུར་པ་ཁཱ་ལ་མོའུ་ཡིས་རྒྱ་གར་བཟོ་རྩལ་སློབ་གླིང་དུ་གཏམ་བཤད་གནང་དུས།  གློ་བུར་དུ་དྲན་མེད་དུ་བརྒྱལ་ཞིང་སྨན་ཁང་ནས་མྱུར་སྐྱོབ་མ་ཐུབ་པར་སྐུ་གྲོངས་འདུག   ཙུང་ཐུང་མུའུ་ཅི་ཁི་དང་ཙུང་ལི་མའོ་ཏིས་ནས་ཁཱ་ལ་མོའུ་སྐུ་གྲོངས་པའི་གནས་ཚུལ་ལ་ཡིད་གདུང་དྲག་པོས་མྱ་ངན་ཞུས་ཡོད་ཅིང་།  ཁོང་ཉིད་སྐུ་གྲོངས་པ་ནི་རྒྱ་གར་གྱི"གྱོང་གུན་ཆེན་པོ"ཞིག་ཡིན་པ་དང་།  རྒྱ་གར་སྲིད་གཞུང་གིས་རྒྱལ་ཁབ་ཡོངས་ནས་ཉིན་ ༧ རིང་ལ་མྱ་ངན་ཞུ་དགོས་པ་བསྒྲགས་ཡོད།

ཁཱ་ལ་མོའུ་ནི ༡༩༣༡ ལོའི་ཟླ་ ༡༠ པར་རྒྱ་གར་ལྷོ་ཕྱོགས་ཐའེ་མུ་ཨར་ནཱར་ཌི་ས་ཁུལ་གྱི་ཁ་ཆེའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད། ཁོང་གི་མི་ཚེ་གང་བོར་རྒྱལ་ཁབ་ཕྱི་རུ་སློབ་སྦྱོང་ལ་འགྲོ་མྱོང་མེད་པས། རང་གིས་རང་ལ་ཀུ་རེའི་ཚུལ་དུ་"རྒྱ་གར་ནས་བཟོས་པ"ཡིན་པར་བཤད།  ཁཱ་ལ་མོའུ་ནི་སྐད་གྲགས་ཅན་གྱི་མཱ་ཌི་ལ་ཟི་བཟོ་རྩལ་སློབ་གླིང་གི་མཁའ་འགྲུལ་ལས་གྲྭའི་ཆེད་ལས་ནས་ཡིན་ཞིང་།  ༡༩༥༨ ལོར་འབུམ་རམས་པའི་བསླབ་གནས་བླངས་ཡོད། དེ་སྔོན་རྒྱ་གར་བར་སྟོང་ཞིབ་འཇུག་རྩ་འཛུགས་དང་། རྒྱ་གར་རྒྱལ་སྲུང་ཞིབ་འཇུག་དང་འཕེལ་རྒྱས་རྩ་འཛུགས་སོགས་སུ་རྒྱ་གར་གྱི་བར་སྣང་ཕྱི་མའི་འཆར་འགོད་དང་། དམངས་སྤྱོད་དང་དམག་སྤྱོད་འཕུར་མདེལ་ཞིབ་འཇུག་གསར་སྤེལ་གྱི་ཕྱག་ལས་གཉེར་མྱོང་ཡོད།  ཁོས་ད་དུང་རྒྱ་གར་གྱི་ SLV—3སྲ་གཟུགས་འབར་རྫས་འཕུར་མདེལ་དང་། ས་དང་སའི"མེ་དཔུང་"གི་རྒྱང་རིང་འཕུར་མདེལ། "ཕུ་ལིས་ཝེ་ཐི"ཡི་རྒྱང་ཐུང་འཕུར་མདེལ་སོགས་ཚན་རིག་ཞིབ་འཇུག་གི་ལས་གཞིའི་སྣེ་ཁྲིད་ཡོད་ལ། ༡༩༩༨ ལོར་ཉིང་འབར་གས་ཀྱི་ཚོད་ལྟ་རབ་དང་རིམ་པ་ལ་སྐུལ་འདེད་བྱས་ཏེ་རྒྱ་གར་ཉིང་མདལ་གྱི་རྒྱལ་ཁབ་གནས་བབ་སྲ་བརྟན་དུ་བཏང་ཡོད།   དེ་ལ་རྐྱེན་བྱས་ཁོ་རང་རྒྱ་གར་གྱི"མི་རིགས་དཔའ་བོ"རུ་གྱུར་ཡོད།

ཨ་རིའི་རྒྱལ་དོན་མཉམ་འབྲེལ་གསར་འགྱུར་ཁང་གིས་ཁཱ་ལ་མོའུ་སྐུ་བཞུགས་དུས་སུ་བྱ་དགའ་མང་དུ་ཐོབ་མྱོང་བ་དང་། ༡༩༩༧ ལོར་རྒྱལ་ཁབ་ཀྱི་ཆེས་མཐོའི་མཚན་སྙན་ཏེ་རྒྱ་གར་གྱི་རྡོ་རྗེ་ཕ་ལམ་ཞེས་པའི་མཚན་སྙན་ཐོབ་ཡོད་པ་དང་། ཕྱི་ལོར་ཙུང་ལིའི་ཚན་རིག་སྐོར་གྱི་དབུ་བཞུགས་བློ་འདྲི་ས་རུ་གྱུར་ཡོད་པར་བཤད་ཡོད།  ༢༠༠༢ ལོར། ལོ་ན་བདུན་ཅུ་བརྒལ་བའི་ཁཱ་ལ་མོའུ་ཡིས་བློ་འདྲི་སའི་ལས་ཀ་བསྐྱུར་ཏེ། རང་གི་ཕ་ཡུལ་གྱི་སློབ་ཆེན་དུ་དགེ་རྒན་གྱི་ལས་གཉེར་ནས་ཡོད་ཀྱང་། རྒྱ་གར་གྱི་འཕུར་མདེལ་སྐྲུན་པ་པོའི་མཚན་སྙན་གྲགས་དང་ཚོད་ལྟའི་ཉིང་འབར་གས་ལེགས་གྲུབ་བྱུང་བའི་མཚན་བཟང་སྙན་གྲགས་ལ་བརྟེན་ནས། ༢༠༠༢ ལོའི་ཙུང་ཐུང་འདེམ་བསྐོའི་ནང་དུ་ཁཱ་ལ་མོའུ་ཆབ་སྲིད་པ་གཞན་དག་ཡོངས་ལས་རྣམ་པར་རྒྱལ་ཏེ། རྒྱ་གར་རང་བཙན་བྱས་རྗེས་ཀྱི་སྐབས  ༡༡ པའི་ཙུང་ཐུང་ལ་བདམས་ཐོན་བྱུང་།

ཁཱ་ལ་མོའུ་ལ་ཚེ་གང་བོར་ཆུང་མ་དང་བུ་རྒྱུད་མེད་ཀྱང་། རྒྱ་གར་གཞོན་རབས་པའི་འཚར་ལོངས་ལ་ཐུགས་འཁུར་ཆེན་པོ་གནང་ཡོད། ཁོ་རང་ཙུང་ཐུང་གི་ལས་གནས་ལས་འཐེན་རྗེས་དུས་རྒྱུན་མཐའ་ཁུལ་གྱི་སློབ་གྲྭར་གཏམ་བཤད་གནང་དུ་བསྐྱོད་དེ་སློབ་མ་དག་ལ་ཕུགས་བསམ་སྙེག་དགོས་པར་སྐུལ་མ་བྱེད།  དབྱིན་ཇིའིདངུལ་རྩའི་དུས་ཚགསཀྱིས་བཀོད་པའི་འཕྲིན་ལ་གཞིགས་ན།  ཁཱ་ལ་མོའུ་ལས་གནས་ལས་འཐེན་རྗེས་ཀྱང་སེམས་སུ་ད་དུང་རྒྱལ་ཁབ་བཅངས་ཡོད་པ་དང་། མི་རྣམས་ཀྱིས་ཁོ་ལ་ཉིང་རྡུལ་མཚོན་ཆ་གོང་དུ་སྤེལ་དོན་ཅི་ཡིན་པ་དང་། ཉིང་རྡུལ་མཚོན་ཆ་བཟོས་པ་ལ་ཡིད་འགྱོད་ཡོད་མེད་ཀྱི་སྐོར་ནས་དྲི་བ་བཏོན་པར། ཁོས"རྒྱལ་ཁབ་སྟོབས་ལྡན་དུ་གྱུར་བ་དེ་གཞན་གང་ལས་ཀྱང་ལྷག་པ་དང་། ཉིང་རྡུལ་མཚོན་ཆ་བཟོས་པ་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེད་དུ་ཡིན་ལ།  ཞི་བདེ་ཡང་རྩ་བ་ཡིན་མོད་ཞི་བདེ་ནི་རྒྱལ་ཁབ་ཀྱི་སྟོབས་ལྡན་ལས་བྱུང་བ་ཡིན"ཞེས་ལན་བཏབ་ཡོད།

ཧྥ་རན་སིའི་རྒྱལ་དོན་མཉམ་འབྲེལ་གསར་འགྱུར་ཁང་ལྟར་ན།  ཁཱ་ལ་མོའུ་ཡི་སྐུ་གདུང་རྒྱལ་ས་རྡི་ལི་གསར་པ་ལ་སྐྱེལ་དེ་རྒྱལ་ཁབ་ཀྱི་མིང་ཐོགས་ནས་འདས་མཆོད་བསྒྲུབ་རྒྱུ་ཡིན་པ་དང་།  ཁོའི་བློ་འདྲི་ས་སི་ལིས་ཅན་ཕར་ ཞིན་གྷི་ལྟར་ན། ཁོས་དེ་སྔོན་ཁཱ་ལ་མོའུ་ལ"མི་མང་གི་དྲན་ཤེས་སུ་ཉར་དུ་འཇུག་འདོད་པའི་ཐོབ་ཐང་གང་ཞིག་ཡིན"ཞེས་དྲིས་པའི་ལན་དུ་ཁཱ་ལ་མོའུ་ཡིས"དགེ་རྒན"བཏབ་པ་དེས་མི་རྣམས་ཧང་སངས་པར་བྱས་ཡོད།

རྩོམ་འགན་པ། སྒྲོལ་ཚེ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070