སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་སྟོན་གུང་གསེང་རིང་ཡུལ་སྐོར་ཁྲོམ་རའི་མཁོ་སྤྲོད་གཉིས་དར་བྱུང་།
སྤེལ་དུས། 2015-10-09   ཡོང་ཁུངས། མི་དམངས་ཉིན་ཚཌ།   རྩོམ་སྒྲིག་པ།  
   རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཚེས 8ཉིན་ཁྱབ་བསྒྲགས་བྱས་པའི་ཡུལ་སྐོར་ཁྲོམ་རའི་ཆ་འཕྲིན་ལས་མངོན་པ་ལྟར་ན། རྒྱལ་སྟོན་གུང་གསེང་རིང་ཡུལ་སྐོར་ཁྲོམ་རའི་མཁོ་སྤྲོད་གཉིས་དར་བྱུང་ལ་གཉེར་སྐྱོང་སྒྲིག་སྲོལ་སྤྱིར་ན་བརྟན་པོ་ཡོད་པ་རེད། ཟླ་8ཚེས་30ཉིན་གྱི་ཆུ་ཚོད་12ནས་ཟླ་10ཚེས་7ཉིན་གྱི་ཆུ་ཚོད་17བར་རྒྱལ་ཁབ་ཡུལ་སྐོར་ཅུས་ལ་ཡུལ་སྐོར་བདེ་འཇགས་ལས་འཛོལ་གྱི་སྙན་ཞུ་གང་ཡང་འབྱོར་མེད་པས་གུང་གསེང་ཡུལ་སྐོར་བདེ་འཇགས་ཐད་ཟིན་ཐོ་གསར་པ་བཏོད་ཡོད།
   རྒྱལ་སྟོན་དུས་ཆེན་རིང་ཡུལ་སྐོར་འཛད་སྤྱོད་འཕེལ་བ་དང་ཡུལ་མིའི་ཕྱི་རོལ་ཡུལ་སྐོར་སྤྲོ་སེམས་ཆེ་རུ་ཕྱིན་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རང་སའི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་པ་དང་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་སྔོག་འདོན་དང་གསར་སྐྲུན་གྱིས་ནང་དོན་ཕུན་སུམ་ཚོགས་ལ་ཁྱད་ཆོས་མངོན་གསལ་དོད་པའི་ཡུལ་སྐོར་བརྗོད་དོན་གཙོ་བོའི་བྱེད་སྒོ་རབས་དང་རིམ་པ་བཏོན་པ་རེད། 2015ལོའི་རྒྱལ་སྟོན་གུང་གསེང་རིང་པེ་ཅིང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་1151.6ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་1.6%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་83.1ཟིན་པ་དེ་དུས་མཚུངས་ལས་7.1%འཕར་ཡོད། ཧྲན་ཏུང་ཞིང་ཆེན་གྱིས་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་5139.1ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་8.2%འཕར་བ་དང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་392.1བྱུང་བ་དེ་དུས་མཚུངས་ལས་12.8%འཕར་ཡོད། རྒྱལ་སྟོན་རིང་ལྟ་སྐུལ་ཚད་ལེན་ནང་བཅུག་པའི་ལས་གཉེར་ཡུལ་སྐོར་ཚོང་པའི་ཉོ་ཚོང་སྤྱི་འབོར་ཆ་སྙོམས་134.7%འཕར་ཡོད་པ་རེད།
   ས་ཁོངས་ཕྱིར་ཡུལ་སྐོར་དུ་བསྐྱོད་པའི་དགོས་མཁོ་ཆེ་རུ་ཕྱིན་ཞིང་། རི་པིན་དང་། ཧན་གོ ཐེ་ལན་སོགས་ཉེ་འཁོར་རྒྱལ་ཁབ་ལ་ས་ཁོངས་ལས་བརྒལ་ནས་ཡུལ་སྐོར་ཁྲོམ་ར་ཧ་ཅང་རྒྱས་པ་དང་། ཨ་རི་དང་། ཨུ་རུ་སུ། ཧྥ་རན་སེ། དབྱི་ཐ་ལི་སོགས་ལམ་ཐག་རིང་བའི་ཡུལ་སྐོར་ཡང་ཆེས་ཆེར་འཕེལ་ཡོད། ཧན་གོའི་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་བསྡོམས་རྩིས་གཞིར་བཟུང་ན། ཧན་གོར་བསྐྱོད་པའི་ཀྲུང་གོའི་ཡུལ་སྐོར་བ་30%འཕར་ཡོད་ཅིང་། རི་པིན་གཞུང་ཚབ་སྒྲིག་གཞིའི་གཞི་གྲངས་ལས་མངོན་པ་ལྟར་ན། ཀོང་ཀྲོའུ་ཡིས་ཟླ་9པར་རི་པིན་དུ་བསྐྱོད་པའི་ཐོངས་མཆན་སྤྲད་པ་དེ་དུས་མཚུངས་ལས་40%འཕར་ཡོད་པ་རེད།
   ཡུལ་སྐོར་བྱེད་ཐབས་སྣ་མང་ཡིན་ལ་འཛད་སྤྱོད་སྐུལ་ཁྲིད་མངོན་གསལ་དོད་ཅིང་། ཡུལ་སྐོར་བའི་འགྲུལ་སྐྱོད་དགོས་མཁོ་སྣ་མང་ཅན་ཡིན་ལ་གྲོང་ཁྱེར་གྱི་རོལ་རྩེད་དང་གྲོང་གསེབ་ཡུལ་སྐོར་ལ་དགའ་བསུ་ཟབ་མོ་ཐོབ་པ་མ་ཟད། གུང་གསེང་ཡུལ་སྐོར་བྱེད་ཐབས་དེ་སྲོལ་རྒྱུན་གྱི་ལྟ་སྐོར་རྣམ་པ་ནས་ལྟ་སྐོར་རོལ་རྩེད་མཉམ་འདྲེས་རྣམ་པར་གྱུར་ནས་ཡུལ་སྐོར་ལ་བརྟེན་ཏེ་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་མངོན་གསལ་དོད་པོ་ཆགས་ཤིང་། ཡུལ་སྐོར་བ་སོ་སོར་རང་འཁོར་གཏོང་བའི་ཡུལ་སྐོར་དང་རང་མོས་འགྲུལ་སྐྱོད་དེ་གཙོ་རྒྱུན་དུ་གྱུར་ཡོད། ཧེ་ལུང་ཅང་གི་གྲོང་ཁྱེར་ཁག་གཅིག་ཏུ་རང་མོས་འགྲུལ་སྐྱོད་ཀྱི་བསྡུར་ཚད་དེ་བརྒྱ་ཆ་བདུན་ཅུ་ཡན་ཟིན་པ་དང་། ཉིན་གཅིག་ཡུལ་སྐོར་དང་སྒོ་འཛིན་མངགས་ཉོ་དང་འགྲིམ་འགྲུལ་འཁོར་སྐྱོད་སོགས་ཀྱི་ཞབས་ཞུའི་བསྡུར་ཚད་དེ་མངོན་གསལ་དོད་པོས་འཕར་བ་དང་། ཚེས་1ནས་5ཡི་བར་ལེའོ་ཉིང་གི་མྱུར་བགྲོད་གཞུང་ལམ་དུ་ཐོག་འཇིབ་་འཁོར་ཆུང་བ་ཁྲི་474བསྐྱོད་པ་དེ་དུས་མཚུངས་ལས་15.6%འཕར་བ་དང་ཏ་ལེན་གྲོང་ཁྱེར་དུ་སྐྱོད་པའི་རང་གཏོང་ཡུལ་སྐོར་རླངས་འཁོར་དེ་དུས་མཚུངས་ལས་11.5%འཕར་བ། ཧྥུའུ་ཅན་ཆོན་ཀྲོའུ་རུ་རང་འཁོར་གཏོང་བའི་ཡུལ་སྐོར་བསྡུར་ཚད་83%ཡན་ཟིན་པ་བཅས་རེད།
   ད་ལོའི་རྒྱལ་སྟོན་གུང་གསེང་རིང“ཡུལ་སྐོར་དང་དྲ་སྦྲེལ་ཟུང་འབྲེལ”གྱིས་སྤྱི་པའི་ཞབས་ཞུ་རིམ་འཕར་ལ་སྐུལ་མ་བཏང་ཞིང་། སྲིད་གཞུང་སྡེ་ཚན་གྱིས་ལག་རྩལ་གསར་པར་བརྟེན་ནས་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་རིམ་འཕར་ལ་སྐུལ་འདེད་བཏང་བ་དང་། མཛེས་ལྗོངས་རིག་ནུས་ཅན་དུ་འགྱུར་ཚད་ཆེ་རུ་བཏང་ནས་ལས་གཉེར་ཡུལ་སྐོར་ཁེ་ལས་ཀྱི་སྔོན་བཀོད་བྱེད་ཚད་འཕར་ཡོད། དྲ་སྦྲེལ་དང་སྒུལ་བདེ་འཕྲིན་གཏོང་ལག་རྩལ་གྱི་ཉེར་སྤྱོད་ལས་གུང་གསེང་ཉིན་མོའི་ཡུལ་སྐོར་ཞབས་ཞུ་ལས་ཆོད་སྤྱིའི་ཆ་ནས་ཆེ་རུ་སོང་བ་དང་ཡུལ་སྐོར་བའི་འགྲུལ་སྐྱོད་ཐད་སྔར་བས་སྟབས་བདེ་དང་མགྱོགས་མྱུར་དུ་གྱུར་ཡོད། ཏ་ལེན་གྱིས་བཏོན་པའི་གློག་རྡུལ་སྤ་སེའི་ལས་སྒོ་མཛེས་ལྗོངས་གཙོ་བོ་30རུ་ཁྱབ་པ་དང་གུང་གསེང་ཉིན་མོའི་གོང་གི་ཉིན་6རིང་གློག་རྡུལ་སྤ་སེ་ཁྲི་3ལྷག་བཙོངས་པ་དང་། “རིག་ལྡན་ཡུལ་སྐོར”བྱེད་ཐབས་ལ་གྲོང་མི་དང་ཡུལ་སྐོར་བའི་ཁས་ལེན་བྱུང་བ་དང་། གཟི་ཚ་སྡེ་དགུའི་མཛེས་ལྗོངས་དང་ཧོང་ལུང་མཛེས་ལྗོངས་ཀྱི་དྲ་ལམ་སྒོ་འཛིན་མངགས་ཉོ་བྱེད་ཚད་ཀྱིས་མཛེས་ལྗོངས་ཀྱི་སྒོ་འཛིན་བཙོང་ཚད་སྤྱི་འབོར་གྱི་40%ཡན་ཟིན་ཡོད་པ་རེད།
   Aརིམ་པའི་མཛེས་ལྗོངས་ཡག་ཤོས་ཁག་གཅིག་གིས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཡུལ་སྐོར་བ་ཐེག་ཚད་ཆེ་ཤོས་ཀྱི་ཚད་བགོས་དང་ཁག་བགོས་ཀྱི་བྱེད་ཐབས་སྤྱད་ཡོད། གནའ་བོའི་ཕོ་བྲང་གིས་ཉིན་ལྟར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་8ཟིན་པ་དེ་ལོ་རྒྱུས་ཐོག་ཉིན་རེའི་སྣེ་ལེན་བྱེད་ཚད་མང་ཤོས་མི་ཐེངས་ཁྲི་18དང་བསྡུར་ན་ཉིན་བདུན་རིང་གི་ཡུལ་སྐོར་བའི་གྲངས་ཚད་དོ་སྙོམས་ལུགས་མཐུན་ཡིན་པ་རེད།  ཞིང་ཆེན་ཁག་གིས་མཛེས་ལྗོངས་ཁུལ་གྱི་ཐེག་ཚད་དོ་དམ་ལག་ལེན་བསྟར་ནས་ཡུལ་སྐོར་བ་ཁག་བགོས་ལ་ཁྲིད་སྟོན་ཧུར་ཐག་བྱས་ཡོད། གུང་གསེང་རིང་མཛེས་ལྗོངས་ཁུལ་ཁག་གི་ཡུལ་སྐོར་བའི་གྲངས་འབོར་དོ་སྙོམས་ངང་འཕར་བ་དང་། སྲོལ་རྒྱུན་གྱི་མཛེས་ལྗོངས་ཁུལ་ཡག་ཤོས་ཁག་གཅིག་གི་ཡུལ་སྐོར་བའི་གྲངས་འབོར་ལ་ཚོད་འཛིན་ཐུབ་ཡོད། རང་འགུལ་ཚོད་འཛིན་བྱེད་ཐབས་ཀྱི་ནུས་པ་ཐོན་ནས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ལྟ་སྐུལ་ཚད་ལེན་ནང་བཅུག་པའི་སྲོལ་རྒྱུན་མཛེས་ལྗོངས་ཁུལ་ཡག་ཤོས་125ལ་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ལ་སྔར་ལོ་ལྟར་ཚོད་མེད་འཕར་བའི་སྣང་ཚུལ་ཐོན་མེད་པ་དང་། ཉིན་བདུན་རིང་། ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་2962.17ལ་སྣེ་ལེན་ཞུས་ནས་སྒོ་འཛིན་ཡོང་འབབ་སྒོར་དུང་ཕྱུར་15.88ཟིན་ཡོད། མཛེས་ལྗོངས་ཁུལ་གྱི་བདེ་འཇགས་ཐད་འགན་ལེན་བྱུང་ནས་ཡུལ་སྐོར་བའི་ལྟ་སྐོར་སྤྲོ་སྣང་འཕེལ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།
   ཡུལ་སྐོར་དང་བླངས་པ་ལས་གནས་སུ་ཞུགས་པ་དང་ཡ་རབས་ངང་ཡུལ་སྐོར་བྱེད་པའི་སྲོལ་བཟང་རིམ་གྱིས་དར་ཞིང་། རྒྱལ་སྟོན་རིང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་29ཡི་གྲོང་ཁྱེར་176གི་ཡུལ་སྐོར་དང་བླངས་པ་མང་པོ་མཛེས་ལྗོངས་ཁུལ་ཆེ་གྲས་ཀྱི་ལས་གནས་སུ་ཞུགས་ཏེ་ཡུལ་སྐོར་བར་མཛེས་ལྗོངས་འགྲེལ་བཤད་དང་། སྨན་བཅོས་གནོད་སྐྱོབ། མཛེས་ལྗོངས་སྒྲིག་སྲོལ་སྲུང་སྐྱོང་སོགས་ཀྱི་ཞབས་འདེགས་རིན་མེད་དུ་ཞུས་པ་རེད། པེ་ཅིང་ཡུལ་སྐོར་དང་བླངས་པས་མདུན་སྒོ་དང་། གནའ་བོའི་ཕོ་བྲང་། ཝང་ཧྥུའུ་ཅིན། དབྱི་ཧོ་ཡོན། ཀུང་ཝང་ཧྥུའུ་སོགས་ཡུལ་སྐོར་བ་གཅིག་སྡུད་ཁུལ་དུ་དང་བླངས་ཞབས་ཞུ་བྱས་པ་རེད། 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070