སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འཕགས་པ་བློ་གྲོས་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས།
སྤེལ་དུས། 2016-08-12   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  མི་ཉག་མགོན་པོ།

ས་སྐྱའི་འཕགས་པ་བློ་གྲོས་རྒྱལ་མཚན་ནི་གཙང་གཡས་རུ་ངམ་རིང་གི་ཀླུ་ཁུང་ཞེས་པའི་ཡུལ་དུ་ཡབ་ཆོས་རྗེ་ས་པཎ་གྱི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་།  ཡུམ་མ་གཅིག་ཀུན་དགའ་སྐྱིད་གཉིས་ཀྱི་སྲས་སུ།  རབ་བྱུང་བཞི་བའི་ཤིང་ལུག༡༢༣༥ལོའི་ཟླ་བ་གསུམ་པའི་ཚེས་དྲུག་ལ་སྐུ་བལྟམས།  དགུང་ལོ་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས།  དགུང་ལོ་བརྒྱད་པ་ལ་ཚོགས་པར་གཏམ་བཤད་དང་ཆོས་འཆད་ལེགས་པར་མཛད་པས་ཀུན་གྱི་བསྟོད་བསྔགས་ཐོབ།  དགུང་ལོ་བཅུ་པ་ལ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཧོར་རྒྱལ་པོ་གོ་དོན་གྱིས་གདན་ཞུས་ལྟར་ཕེབས་པའི་ཕྱག་ཕྱིར་བྱོན།  ལམ་བར་ཆོས་རྗེ་ས་པཎ་གྱིས་མཁན་པོ་དང་།  ཟུར་ཕུ་བས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བླངས།

མཚན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོར་གསོལ་ལོ།  །སྐྱོར་མོ་ལུང་པའི་མཁན་པོ་ཤེས་རབ་སེང་གེ་ལ་དགེ་ཚུལ་གྱི་བསླབ་བྱ་གསན།  དགུང་ལོ་བཅུ་བདུན་པ་ལྕགས་ཕག༡༢༥༡ལོར་ས་པཎ་སྐུ་གཤེགས་ཁར་རང་ཉིད་ཀྱི་ཆོས་བརྒྱུད་འཛིན་པའི་བདག་པོར་བསྐོས།  དགུང་ལོ་བཅུ་དགུ་པ་ཆུ་གླང་༡༢༥༣ལོར་ཧོར་སེ་ཆེན་ཧན་གྱིས་གདན་དྲངས་པ་ལྟར་གོང་མའི་ཕོ་བྲང་དུ་ཕེབས་ནས་རྒྱལ་བློན་མི་ཉི་ཤུ་རྩ་ལྔ་ལ་དཔལ་ཀྱེེ་རྡོ་རྗེའི་དབང་བསྐུར།  ཧོར་གྱི་རྒྱལ་ཁབ་ཏུ་དེ་ནས་བཟུང་གསང་སྔགས་རྡོ་རྗེ་ཐེག་པའི་དབུ་བརྙེས་པར་གྲགས།  ཧོར་རྒྱལ་པོས་ཁོང་ལ་དབང་དང་པོ་ཞུས་པའི་དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་དང་།  ཏི་ཤྲིའི་གོ་ས།  གཞན་ཡང་གཡང་ཊི་ལས་བྱས་པའི་ཐམ་ཀ་དང་རིན་པོ་ཆེ་སོགས་དངོས་འབུལ་མཐའ་ཡས་པ་ཕུལ།  དབང་ཐེངས་གཉིས་པ་ཞུས་པའི་དབང་ཡོན་དུ་ཆོས་དུང་དཀར་མོ་རྒྱང་གྲགས་དང་།  བོད་ཆོལ་ཁ་གསུམ་གྱི་སྲིད་དབང་ཡོངས་སུ་རྫོགས་པ་ཕུལ།  དབང་ཐེངས་གསུམ་པ་ཞུས་པའི་དབང་ཡོན་དུ་རྒྱ་ཡི་མི་ཡུར་ཆེན་མོ་ཕུལ་བས་ཡང་ཐུགས་ཤིན་ཏུ་མཉེས་སོ། 

ཡང་སྐབས་ཤིག་རྒྱལ་པོས་ཁོང་ལ་བོད་དུ་ས་སྐྱའི་ཆོས་ལུགས་མ་གཏོགས་གཞན་བྱེད་མི་ཆོག་པའི་བཀའ་ལུང་འབེབས་དགོས་གསུངས་པ་ལ།  ཁོང་གིས་དེ་ལྟར་བྱས་ན་བསྟན་སྲིད་ལ་ཕན་ཐོགས་མེད་པས་རང་རང་འདོད་མོས་ལྟར་ཅིས་ཀྱང་སྐྱོང་དུ་འཇུག་དགོས་གསུངས་པས་རྒྱལ་པོས་ཀྱང་དེ་ལྟར་བཀའ་ཕབ། 

དགུང་ལོ་ཉེར་གཅིག་པ་ཤིང་ཡོས༡༢༥༥ལོ་ལ་ཁམས་བྱང་ངོས་སུ་ཕེབས་ནས་སྣར་ཐང་མཁན་ཆེན་གྲགས་པ་སེང་གེ་གདན་དྲངས་ཏེ་མཁན་པོ་དང་།  ཇོ་གདན་བྱང་པ་བསོད་ནམས་རྒྱལ་མཚན་གྱིས་སློབ་དཔོན།  ཡར་ལུང་པ་བྱང་ཆུབ་རྒྱལ་མཚན་གྱིས་གསང་སྟོན་པ།  དད་དགེ་ཆོས་རྗེ་དབུ་རྒན།  མདར་བ་མཁན་པོ་སྤྲོ་དང་གནམ་ཕར་བ་ཚུལ་རིན་ལ་སོགས་པ་དགེ་སློང་ཉི་ཤུའི་དབུས་སུ་བསྙེན་པར་རྫོགས།  གཞན་ཡང་མཁན་པོ་གྲགས་སེ་མདུན་ཕར་ཕྱིན་ཚིག་གསལ།  སློབ་དཔོན་ལས་འདུལ་བ་མདོ་རྩ།  གསང་སྟོན་ཡར་ལུང་པ་བྱང་ཆུབ་རྒྱལ་མཚན་ལས་ཚད་མ་སྡེ་བདུན་མདོ་དང་བཅས་པ་སོགས་གཞུང་བཀའ་པོད་ལྔ་ལ་གསན་སྦྱོང་དཔྱིས་ཕྱིན་པར་མཛད།  སླར་ཡང་གོང་མའི་ཕོ་བྲང་དུ་ཕེབས།  རྒྱལ་པོས་བཀས་བསྐུལ་ཏེ་མུ་སྟེགས་ཟིན་ཤིང་གི་ཆོས་ལུགས་མཁས་པ་རྣམས་རྩོད་པས་ཕམ་པར་མཛད་ནས་ནང་པ་སངས་རྒྱས་པའི་ཆོས་སྒོར་བཅུག

ཧོར་ལ་ཡི་གེ་མེད་པས་བོད་ཡིག་ལ་གཞིར་བཅས་ནས་ཧོར་ཡིག་གསར་དུ་བརྩམས།  དེའི་ཕུད་བནྡེ་ཤེད་བསྐྱེད་ཐགས་གྲུབ་མ་ཕུལ།  དགུང་ལོ་སོ་གཅིག་པ་ཤིང་གླང་༡༢༡༥ལོར་ས་སྐྱར་ཕེབས།  གསེར་ཐོག་ཆེན་མོའི་ནང་གི་མཆོད་རྟེན་བཀྲ་ཤིས་སྒོ་མང་ལ་ནང་དུ་རྡོར་དབྱིངས་ཀྱི་ལྟ་ཚོགས་བཞེངས་པ་དང་རྗེ་བཙུན་གོང་མ་རྣམས་ཀྱི་སྐུ་འབུམ་བདུན་ལ་གདུགས་དང་།  ཆོས་འཁོར་གསེར་ཟངས་ལས་བཞེངས་པ་དང་།  མདོ་རྒྱུད་དང་ཤེར་ཕྱིན་སོགས་རྒྱལ་བའི་བཀའ་པོད་ཉིས་བརྒྱ་ལྷག་གསེར་གྱིས་བྲིས།

བོད་དུ་ལོ་གསུམ་ཙམ་བཞུགས་རིང་ཁ་ཆེའི་པཎྜི་ཏ་ཤྲི་ཏ་ཐཱ་ག་ཏ་བྷ་དྲ་དང་།  གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན།  སྣར་ཐང་མཁན་ཆེན་མཆིམས་ནམ་མཁའ་གྲགས་སོགས་བཤེས་གཉེན་མང་དུ་བསྟེན་ནས།  རིག་པའི་གནས་ཐུན་མོང་དང་།  ནང་དོན་རིག་པའི་སྐོར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི།  དབང་ཁྲིད་མན་ངག་དང་བཅས་གསན་བཞེས་མཐར་ཕྱིན་པར་གནང་།

དགུང་ལོ་སོ་གསུམ་པ་རབ་བྱུང་ལྔ་པའི་འགོ་མེ་ཡོས་༡༢༦༧ལོ་ལ་ཧོར་རྒྱལ་པོས་མངགས་པའི་གདན་འདྲེན་གྱི་གསེར་ཡིག་པ་འབྱོར།  ཧོར་ཡུལ་དུ་ཕེབས་སྐབས་གསོལ་གཟིམས་མཆོད་གསུམ་དང་།  མཇལ་ཡིག་མཛོད་གསུམ།  ཐབ་འདྲེན་གདན་གསུམ།  སྐྱ་རྟ་གཉིས།  མཛོ་བྱི་གཉིས་ཏེ་ལས་ཚན་བཅུ་གསུམ་གྱི་རྒྱས་སྤྲོས་དང་བཅས་ཏེ་ཕེབས། 

ལམ་བར་བཀའ་གདམས་ནམ་མཁའ་འབུམ་དང་མཇལ་ཞིང་།  ཆོས་ཀྱི་བགྲོ་གླེང་མང་དུ་གནང་།  བཀའ་གདམས་ལ་ཐུགས་མཉེས་ནས་བྱང་ཆུབ་སེམས་བསྐྱེད་སོགས་ཆོས་དུ་མ་ཞུས།  དེ་ནས་རིམ་གྱིས་བྱོན་པའི་ལམ་བར་དུ་ཡང་སེམས་ཅན་གྱི་དོན་ཁོ་ན་སྒྲུབ་བཞིན་པར་ཧོར་གྱི་རྒྱལ་ཁམས་སུ་སླེབས་པ་ན།  རྒྱལ་པོ་ཆེན་པོའི་སྲས་ཀྱི་ཐུ་བོ་ཇིམ་གྱིམ་ཞེས་བྱ་བས་གཙོས།  བཙུན་མོ་དང་བློན་པོའི་ཚོགས་ཀྱིས་གླང་ཆེན་ལ་རིན་པོ་ཆེའི་དྲ་བས་སྤྲས་པའི་ཁྲི་དང་།  གདུགས་དང་།  རྒྱལ་མཚན།  རོལ་མོའི་ཚོགས་སོགས་ཀྱི་བསུ་བ་རྒྱ་ཆེན་པོ་དང་བཅས་ཕོ་བྲང་དུ་གདན་དྲངས་ནས་རྒྱལ་བློན་སོགས་ཀྱིས་ཟབ་ཆོས་དུ་མ་ཞུས།  དེའི་ཕྱི་ལོ་ས་སྤྲུལ༡༢༦༩ལོ་ལ་དཔོན་ཆེན་ཤཱཀྱ་བཟང་པོས་ས་སྐྱ་ལྷ་ཁང་ཆེན་མོའི་འགྲམ་བཏིང་།  དཔོན་ཆེན་ཀུན་དགའ་བཟང་པོ་དང་མཉམ་སྦྲེལ་གྱིས་བོད་ཁྲི་སྐོར་བཅུ་གསུམ་བསྐུལ་ཏེ་བླ་བྲང་གསུམ་པོ་དང་བཅས་པ་ཡོངས་སུ་གྲུབ།  དགུང་ལོ་སོ་དྲུག་པ་རབ་བྱུང་ལྔ་པའི་ལྕགས་རྟ༡༢༧༠ལོ་ལ།  སླར་ཡང་རྒྱལ་པོས་གསངས་སྔགས་ཀྱི་དབང་ཞུས་པའི་ཚེ་དབང་ཡོན་དུ་མི་ཉག་རྒྱལ་པོ་རྒྱལ་རྒོད་ཀྱི་ཤེལ་དམ་ལ་བཅོས་བྱས་པའི་ཤེལ་དམ་གླིང་དྲུག་མ་དང་།  གནམ་གྱི་འོག  སའི་སྟེང་ན་རྒྱ་གར་ལྷའི་སྲས་པོ།  སྤྲུལ་པའི་སངས་རྒྱས།  ཡི་གེ་རྩོམ་མི།  རྒྱལ་ཁམས་འཇགས་སུ་འཇུག་པ་པོ།  གནས་ལྔ་རིག་པའི་པཎྜི་ཏ་འཕགས་པ་ཏི་ཤྲི་ཞེས་པའི་འཇའ་ས་དང་དངུལ་བྲེ་ཆེན་སྟོང་ཕྲག་གོས་དར་ལྔ་ཁྲི་དགུ་སྟོང་སོགས་དངོས་པོ་བགྲང་དུ་མེད་པ་ཕུལ།  དེ་ནས་ཧོར་ཡུལ་དུ་དམ་པའི་ཆོས་ཀྱི་སྲོལ་བཟང་པོ་ཆེས་ཆེར་སྤེལ་ནས་སླར་ཡང་བོད་དུ་ཕྱིར་བྱོན་པར་མཛད་པ་ན།  རྒྱལ་པོས་བཞུགས་དགོས་པར་ཞུས་ཀྱང་དང་དུ་མ་བླངས་པར་ཕེབས།  རྒྱལ་པོས་དཔོན་དམག་མང་པོའི་དཔུང་དང་བཅས་ཏེ་ཟླ་བ་མང་པོའི་ལམ་བར་དུ་སྐྱེལ་མ་ཞུས་ཤིང་།  དགུང་ལོ་ཞེ་གཅིག་པ་མེ་བྱི༡༢༧༦ལོ་ལ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕྱག་ཕེབས།  ལོ་དེའི་ནང་དབུས་གཙང་གི་དགེ་བའི་བཤེས་གཉེན་ཆོས་དོན་དུ་གཉེར་བ་དུ་མ་དང་ཡུལ་སྡེ་སོགས་ཀྱི་དཔོན་པོ།  གཞན་ཡང་འཕགས་ཡུལ་དང་ཁ་ཆེ་སོགས་ནས་ཀྱང་པཎྜི་ཏ་མང་དུ་བྱུང་ཞིང་དེ་དག་ལ་གང་ལ་གང་འདོད་ཀྱི་ཟབ་རྒྱས་ཀྱི་ཆོས་བགྲང་ལས་འདས་པ་གནང་། 

ཕྱི་ལོ་མེ་གླང་༡༢༧༧ལོའི་ཟླ་བ་དང་པོར་རྒྱལ་པོ་ཇིམ་གྱིམ་ཞེས་བྱ་བས་སྦྱིན་བདག་མཛད་ནས་གཙང་ཆུ་མིག་རིང་མོར་དགེ་འདུན་ཁྲི་ཕྲག་བདུན་ལྷག་ལོངས་ས་ལ་བཀའ་ཆོས་གནང་བ་དང་།  འཁོར་འདུས་པ་དེ་དག་རེ་རེ་བཞིན་གསེར་ཞོ་རེ་དང་ཡུལ་སྣམ་རེའི་འགྱེད་མཛད།  ཡང་སྐྱེ་བོ་ཕལ་པ་ཁྲི་ཕྲག་དུ་མ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཞག་བཅུ་བཞིའི་བར་དུ་བསྐོར་བ་དེ་ལ་གཙང་ཆུ་མིག་ཆོས་འཁོར་ཞེག་གྲགས། 

ཆོས་འཁོར་རྫོགས་པའི་ཉིན་འདུས་པ་རྒྱ་མཚོའི་དབུས་སུ་བྱོན་ཏེ་བསྔོ་པའི་ཡོན་བཤད་ཆེན་མོ་མཛད།  དེ་ནས་གདན་སར་ས་པཎ་གྱི་ནང་རྟེན་གསེར་གྱི་སྒོ་མང་མཆོད་རྟེན་དང་དེའི་བཞུགས་གནས་གཙུག་ལག་ཁང་གི་སྟེང་གསེར་ཐོག་ཆེ་བ་རྣམས་བཞེངས་ཤིང་།  གཞན་ཡང་སྟག་ཐོག་གཞིས་མོ་ཆེར་མདོ་མང་པོ་ཏི་བཞི་བཅུ་ལྷག་གསེར་ལས་བཞེངས་པས་གཙོས་གསེར་ཆོས་ཉིས་སྟོང་ཆིག་བརྒྱ་ང་བདུན་བཅས་བཞེངས་ནས།  འབུལ་བའི་དངོས་པོ་རྣམས་རང་དོན་དུ་ཏིལ་འབྲུ་ཙམ་ཡང་མི་སྤྱོད་པར་དཀོན་མཆོག་ལ་མཆོད་པ་ཕུལ་བ།  དབུལ་ཕོངས་ལ་སྦྱིན་པ་གཏོང་བ།  སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་རྣམ་དཀར་གྱི་བགྱི་བ་ཁོ་ནས་དུས་འདའ་བར་མཛད།  དེ་ནས་ལོ་ལྔའི་བར་ས་སྐྱའི་གདན་ས་ལ་ཕྱི་ནང་གི་རྟེན་བཞེངས་དང་།  འཁོར་སློབ་བསྐྱངས།  གཞན་ཡང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པའི་རྒྱལ་མཚན་ཆེས་ཆེར་བསྒྲེངས།

ཁོང་ལ་སློབ་མ་ཡང་ཞང་དཀོན་མཆོག་དཔལ་དང་།  དགེ་སློང་ཀུན་བློ་སོགས་ཤིན་ཏུ་མང་པོ་ཡོད་།  དགུང་ལོ་ཞེ་དྲུག་པ་རབ་བྱུང་ལྔ་པའི་ལྕགས་འབྲུག༡༢༨༠ལོའི་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཀྱི་སྔ་དྲོའི་ཆ་ལ་ལྷ་ཁང་བླ་བྲང་དུ་དགོངས་པ་ཚོས་དབྱིངས་སུ་བསྟིམས་པའི་ཚུལ་བསྟན་ཏོ། 

ཁོང་གི་གསུང་རྩོམ་སྐོར་ལ།  ཐུན་མོང་རིག་གནས་སྐོར་ཉུང་ཞིང་བསྟོད་པ་དང་གསོལ་འདེབས།  སྤྲིངས་ཡིག་སོགས་ཆོས་ཚན་སུམ་བརྒྱ་སོ་གཉིས་ཡོད་པའི་སྡེ་དགེའི་པར་མ་པོད་གསུམ་བཞུགས་ཡོད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716