སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འཕེལ་རྒྱས་མཉམ་སྤྱོད་ཀྱི་འདུ་ཤེས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སེམས་ཆེ་རུ་གཏོང་དགོས།
སྤེལ་དུས། 2016-01-04   ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ།  
—— བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་བདུན་པ།

  མཉམ་སྤྱོད་ནི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་མངོན་ཚུལ་གལ་ཆེན་ཞིག་དང་། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་ལྡོག་མེད་ཀྱི་འབྲས་བུ་ཞིག་བཅས་ཡིན། འཕེལ་རྒྱས་མཉམ་སྤྱོད་བྱ་རྒྱུ་དེ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཞིག་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གཅིག་སྡུད་ཐོག་མངོན་པ་ཞིག ང་ཚོའི་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་བཅས་ཡིན།

  རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག“འཕེལ་རྒྱས་མཉམ་སྤྱོད”ཐད་ཀྱི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་དང“མི་རིགས་ཁག་གི་མང་ཚོགས་འཕེལ་རྒྱས་ནང་ཞུགས་ཚད་དང་ཐོབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི”ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པའི་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་འཕེལ་རྒྱས་གཏོང་རྒྱུ་དེ་མི་དམངས་ཀྱི་ཆེད་དུ་དང་། འཕེལ་རྒྱས་གཏོང་རྒྱུ་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་དང་མཉམ་སྤྱོད་བཅས་མཐའ་འཁྱོངས། དམངས་འཚོ་སྔོན་ལ་འཇོག་པ་དང་དམངས་འཚོའི་ལས་དོན་སྔོན་ལ་སྤེལ་རྒྱུ་མཐའ་འཁྱོངས། གཙོ་གནད་མངོན་གསལ་དང་ཞན་ཆ་གསབ་པ་བཅས་བྱས་པར་བརྟེན་མཉམ་སྐྲུན་མཉམ་སྤྱོད་འཕེལ་རྒྱས་ཁྲོད་ཀྱི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐུན་ཐུབ་པ་བྱེད་པའི་བརྒྱུད་རིམ་ནི། མི་དམངས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་རྒྱུ་དང་གཞུང་དྲང་དྲང་བདེན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཞིག་ཡིན། འཕེལ་རྒྱས་མཉམ་སྤྱོད་ཀྱིས་ཐག་གཅོད་བྱེད་པ་ནི་སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་གྱི་གནད་དོན་དེ་ཡིན། “མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་རྒྱུ་དེ་བོད་དར་གྱི་རྩ་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་པ་དང་འབྲེལ། མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་གཏོང་ལ་དམ་པོར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས”ཞེས་པ་དེ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ང་ཚོར་གནང་བའི་རླབས་ཆེན་གྱི་འགན་འཁྲི་ཡིན། ང་ཚོས་མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་འཕེལ་རྒྱས་ཀྱི་རྩ་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་པར་བརྟེན། མི་རིགས་ཁག་གི་མང་ཚོགས་ལ་སྦྱོང་དུས་སློབ་མཁན་ཡོད་པ་དང་། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒན་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་བྱུང་བའི་ཐོག་ཞུགས་ཚད་དང་། ཐོབ་སེམས། བདེ་སྐྱིད་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

  ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ནི་མི་དམངས་ཡོངས་ལ་ཕན་པའི་འབྱོར་འབྲིང་ཞིག་ཡིན། བོད་ནི་རྒྱལ་ཡོངས་ནས་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་ཞིག་ཡིན། དབུལ་སྐྱོར་འགག་སྒྲོལ་གྱི་གནས་དེ་འགག་སྒྲོལ་ཐུབ་པ་བྱས་ནས་མང་ཚོགས་དབུལ་པོ་ཁྲི་69མི་རིགས་ཁག་གི་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་ཐུབ་མིན་དེ། རང་ལྗོངས་ཀྱིས་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ཐད་ངེས་པར་དུ་གསབ་དགོས་པའི་ཞན་ཆ་ཡིན་ལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཀའ་ཚེགས་ཆེ་ཤོས་དང་། མངོན་གསལ་དོད་ཤོས། ཆེས་དངོས་ཡོད་བཅས་ཀྱི་ལས་འགན་ཞིག་ཀྱང་ཡིན། ངེས་པར་དུ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་དམིགས་བསལ་ཡུག་སྦྲེལ་དབུལ་པོའི་ས་ཁོངས་ཀྱི་ཆེད་དོན་འཆར་འགོད་བཟོས་ནས་ལག་བསྟར་དང་། ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་ཡག་པོ་སྒྲུབ་པ། དབུལ་སྐྱོར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་བཅས་བྱས་ཏེ“གནད་སྨིན”གྱི་ལས་དོན་སྒྲུབ་པ་དང“ཁག་གཅིག་ལྔ”མངོན་འགྱུར་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

  2020ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2010ལོ་ལས་ལྡབ་གཅིག་ཡན་འཕར་རྒྱུ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་སྙོམས་རྒྱུ་དེ་ནི་བོད་ཀྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ལ་ཚད་འཇལ་བའི་ཚད་གཞི་གལ་ཆེན་ཡིན། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ་དང་། ཁེ་ལས་ཀྱི་ལས་བཟོའི་ཡོང་འབབ་འཕར་རྒྱུ་དང་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་དཔལ་འབྱོར་ཡོང་འབབ་དེ་བས་བརྟན་དུ་གཏོང་དགོས། དམངས་ཀྱིས་བྱ་གཞག་བསྐྲུན་རྒྱུ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུ་དེ་སྔར་བཞིན་དམངས་འཚོའི་རྩ་བ་ཡིན་པ་དང་མི་གཅིག་ལས་ཞུགས་ཐུབ་ན། མང་ཚོགས་ལ་དེ་དང་ཆབས་ཅིག་ཡོང་འབབ་རག་ཐུབ། ཁྲོམ་རས་ཁྲིད་སྟོན་དུ་བྱས་ཏེ་མཐོ་རིམ་སློབ་ཐོན་སློབ་མའི་ལས་ཞུགས་སྐུལ་འདེད་འཆར་གཞི་དང་། སློབ་ཆེན་སློབ་མའི་བྱ་གཞག་གཏོད་པའི་ཁྲིད་སྟོན་འཆར་གཞི། ཞིང་འབྲོག་པའི་ལས་མིའི་ལས་རིགས་ལག་རྩལ་རིམ་སྤོར་འཆར་གཞི་སོགས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མས་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་ལས་ཞུགས་དང་བྱ་གཞག་གསར་གཏོད་ཐུབ་པ་དང་ཆ་རྐྱེན་འཛོམས་པའི་ཁྱིམ་ཚང་གི་མི་གཅིག་གིས་ཉེར་སྤྱོད་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་བྱེད་དགོས།

  གཞི་རྩའི་སྤྱི་པའི་ཞབས་ཞུའི་སྟོན་གྲངས་གཙོ་བོ་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་དུ་ཉེ་བཅར་ཐུབ་པའམ་ཡང་ན་སླེབས་པ་བྱ་རྒྱུ་དེ་ནི། རང་ལྗོངས་ཀྱི་ཕྱོགས་ཡོངས་འབྱོར་འབྲིང་གི་སྟོན་གྲངས་གལ་ཆེན་གཞན་ཞིག་ཡིན། དམིགས་ཚད་དེ་མངོན་འགྱུར་བྱེད་པར། ངེས་པར་དུ་སྔོན་ལ་སློབ་གསོའི་བྱ་གཞག་དང་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་བ་དང་། “བདེ་ཐང་བོད་ལྗོངས”ཀྱི་འདུ་འགོད་ལག་བསྟར་ཤུགས་ཆེན། སྤྱི་ཚོགས་ཀྱི་འགན་བཅོལ་ཁྱབ་རྒྱའི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་བསྐྲུན་དགོས། ལོ་15རིང་གི་འོས་འགན་སློབ་གསོའི་རིན་མེད“འགན་གཙང་གསུམ”གྱི་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། “སྐད་ཡིག་གཉིས”ཀྱི་སློབ་གསོ་དམ་འཛིན་ཡག་པོ་བྱེད་པ། སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྨང་གཞིའི་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མཐོ་རིམ་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ། དེང་རབས་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་པ་དང་། ཞིང་འབྲོག་ཁུལ་གཙོ་གནད་དུ་འཇོག་རྒྱུ་མཐའ་འཁྱོངས་དང་། སྔོན་འགོག་གཙོར་བཟུང་། སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྲིག་བཅས་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་བཅོལ་མ་ལག་དང་སྤྱི་ཚོགས་རོགས་སྐྱོབ་མ་ལག་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཚང་མས་འབྱོར་འབྲིང་སྤྱི་ཚོགས་ཁྲོད་ནས་ཐོབ་པའི་ཕན་པ་དང་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས།

  ཁ་བྱང་ཕྱི་མོ། འཕེལ་རྒྱས་མཉམ་སྤྱོད་ཀྱི་འདུ་ཤེས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སེམས་ཆེ་རུ་གཏོང་དགོས།
(རྩོམ་འགན་པ། དབང་འདུས།)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070