སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ནོར་སྲིད་དཔོན་པོས་ངལ་རྩོལ་གན་རྒྱའི་སྐྱོན་ཆ་གླེང་བ།
སྤེལ་དུས། 2016-03-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ལྕགས་མོ་བྱམས།
ནོར་སྲིད་སྡེ་ཁག་གི་འགོ་གཙོ་ལུག་ཅིས་ཝེ།

  པེ་ཅིན་གསར་འགྱུར་གྱིས་བསྒྲགས་དོན།(གསར་འགོད་པ་ཀའོ་ཁྲོ)ཁ་སང་། ནོར་སྲིད་སྡེ་ཁག་གི་འགོ་གཙོ་ལུག་ཅིས་ཝེ་ཡིས་བསྟན་དོན། ངལ་རྩོལ་གན་རྒྱའི་ཐབས་ལམ་གྱིས་ཁེ་ལས་དང་གླ་པ་ལ་སྲུང་སྐྱོབ་བྱེད་ཚད་དོ་མཉམ་མིན། "དགོངས་གཞི་ངོ་མ་ནི་ངལ་རྩོལ་མཁན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་མོད། འོན་ཀྱང་མཐའ་མཇུག་ངལ་རྩོལ་མཁན་ཁ་ཤས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་སྲིད།"

  ཉིན་དེར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་བ་ཡི་གསར་འགོད་པའི་ཚོགས་འདུ་པེ་ཅིན་དུ་བསྡུས་ཤིང་། ལུག་ཅིས་ཝེ་ཡིས་གསར་འགོད་པའི་ཚོགས་འདུ་སྟེང་ནས་གོང་གི་ལྟ་ཚུལ་བརྗོད།

   "ལས་བཟོ་བས་ཧུར་བརྩོན་མ་བྱས་ཀྱང་། ཁེ་ལས་ཀྱིས་ཕྱིར་འབུད་གཏོང་དཀའ།"
  ལུག་ཅིས་ཝེ་ཡིས་བསྟན་དོན། ད་ལྟ་ལག་བསྟར་བྱེད་བཞིན་པའི་ངལ་རྩོལ་གན་རྒྱའི་ཐབས་ལམ་གྱིས་ཚད་ལྡན་གྱི་ལས་བཟོ་བའི་དུས་ཚོད་ལམ་ལུགས་རྨང་གཞི་བྱས་ཡོད་པས། སྟབས་བསྟུན་ལས་སྤྱོད་དང་མི་འཚམ། ཕྱི་ལ་ཁ་ཕྱོགས་པའི་ལས་སྣོན་ཚོང་ཟོག་བརྗེ་རེས་གཙོ་བོ་ཡིན་པའི་ཁེ་ལས་ལ་མཚོན་ན། "ཚོང་རྟགས་མེད་པའི་བར་སྐབས་སུ་ཅུང་དཀའ་ལས་ཆེ།" དེ་ལས་གཞན། ཟླ་ཕོགས་མྱུར་མོར་འཕར་བ་ཡིས་ཁེ་ལས་ཀྱི་མ་རྩ་ཇེ་མཐོར་གཏོང་སྲིད་དེ། ཁེ་ལས་རྒྱལ་ཁབ་གཞན་པར་གནས་སྤོ་བའི་རྣམ་པ་བསྐྲུན་ནས། མཐའ་མཇུག་ངལ་རྩོལ་མཁན་གྱི་ལས་ཞུགས་གོ་སྐབས་ཇེ་ཉུང་དུ་འགྱུར་བས། ངལ་རྩོལ་མཁན་གྱི་ཁེ་ཕན་ལ་སྔར་བཞིན་གནོད་སྐྱེལ་བ་ཡིན། 

  "ལོ་འདི་དག་གི་གླ་ཕོགས་འཕར་ཚད་ནི་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཕྱོད་ལས་བརྒལ་ཡོད་ཅིང་། དུས་ཡུན་རིང་བོར་འདི་འདྲའི་རྒྱུན་མཐུད་དཀའ། འདི་ལ་ཕྱོགས་སོ་སོའི་རྒྱུ་རྐྱེན་མཆིས་ཏེ། ངལ་རྩོལ་གན་རྒྱའི་ཐབས་ལམ་དང་འབྲེལ་བ་མེད་པར་བརྗོད་མི་རུང"ཞེས་ལུག་ཅིས་ཝེ་ཡིས་དེ་ལྟར་བཤད།

  ལུག་ཅིས་ཝེ་ཡིས་དུས་མཉམ་དུ་བསྟན་དོན། ད་ལྟ་ལག་བསྟར་བྱེད་བཞིན་པའི་ངལ་རྩོལ་གན་རྒྱའི་ཐབས་ལམ་ཀྱིས་ལས་ཀར་ཞུགས་ཡོད་པའི་ལས་བཟོ་བར་སྲུང་སྐྱོབ་བྱེད་ཚད་ཅུང་མང་། འོན་ཀྱང་ལས་བཟོ་བས་ཟླ་གཅིག་གི་སྔོན་ལ་རྒྱུ་རྐྱེན་མ་བཤད་པར་ལས་ཁུར་དགོངས་ཞུ་བྱས་ཆོག་པས། ཁེ་ལས་ཀྱིས་ལས་བཟོ་བའི་ལག་རྩལ་སྦྱོང་བརྡར་ཐད་བཏང་བའི་མ་དངུལ་ལ་ཤུགས་རྐྱེན་ཐེབས་སྲིད། ཕྱོགས་གཞན་ཞིག་གི་ཆ་ནས། གལ་ཏེ་ལས་བཟོ་བ་ཞིག་གིས་བྱ་བར་ཧུར་བརྩོན་མ་བྱས་ནའང་། ཁེ་ལས་ཀྱིས་ཕྱིར་འབུད་གཏོང་དཀའ་བས། "ལས་གནས་དེ་ཚོའི་བདག་ཏུ་བཟུང་བ་ལས་ཐབས་མེད་པས། གསར་དུ་ཡོང་བའི་ལས་བཟོ་བར་ཁྱད་གསོད་ཀྱི་སྣང་བརྙན་བསྐྲུན་སྲིད།"

  ཟླ་གཅིག་ནང་ངལ་རྩོལ་གན་རྒྱའི་ཐབས་ལམ་གྱི་གནད་དོན་ཐེངས་གཉིས་ལ་གླེང་བ།
  ད་ལོའི་ཟླ 2 པར་བསྡུས་པའི་ཀྲུང་གོའི་དཔལ་འབྱོར་མི་སྣ 50 ཡི་གླེང་སྟེགས་སྟེང་། ཡང་ལུག་ཅིས་ཝེ་ཡིས་རིག་གནས་པའི་ཐོབ་ཐང་གིས་བསྟན་དོན། ངལ་རྩོལ་གན་རྒྱའི་ཐབས་ལམ་གྱིས་ཚད་ངེས་ཅན་ཞིག་གི་སྟེང་ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་རའི་འཕེལ་རྒྱུན་ཆད་པར་བྱས། ལས་བཟོ་བས་རྒྱུ་རྐྱེན་ཅི་ཡང་མི་བཤད་པར་ལས་ཁུར་དགོངས་ཞུ་བྱས་ཆོག་མོད། འོན་ཀྱང་ཁེ་ལས་ཀྱི་བདག་པོས་རང་སྣང་གང་ཤར་དུ་ལས་བཟོ་བ་ཕྱིར་འབུད་བཏང་མི་ཆོག  འདིས་ཁེ་ལས་ཀྱིས་མི་ཤུགས་ཐད་བཏང་བའི་མ་རྩའི་རེ་འདུན་ཇེ་དམའ་རུ་བཏང་ཡོད། ན་ནིང་ཆིན་ཧྭ་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སློབ་གླིང་གི་གཏམ་བཤད་ཁྲོད། ལུག་ཅིས་ཝེ་ཡིས་ལྟ་ཚུལ་རིགས་འདི་འདྲའང་བཏོན་མྱོང་།

  "གནད་དོན་འདི་དག་གིས་ཁྱོན་ཡོངས་ཀྱི་དཔལ་འབྱོར་ལ་ཤུགས་རྐྱེན་བཟོ་སྲིད་དེ། འདི་ལ་རྐྱེན་བྱས་ཏེ་ནོར་སྲིད་ལའང་འགྲོ་གྲོན་དང་ཡོང་འབབ་ཀྱི་ཕྱོགས་ནས་ཤུགས་རྐྱེན་ཐེབས་ཡོད། ང་ཚོས་ཡོ་བསྲང་བྱ་དགོས།" ལུག་ཅིས་ཝེ་ཡིས་བཤད་རྒྱུར། "ཁྲིམས་ལུགས་ལ་བཅོས་སྒྱུར་བྱ་དགོས་མིན་དང་ཇི་ལྟར་བཅོས་སྒྱུར་བྱ་དགོས་ཚུལ་ཐད་ནས། ནོར་སྲིད་སྡེ་ཁག་ནི་སྤྱི་ཁོག་དང་ཕྱོགས་བསྡུས་ཀྱི་སྡེ་ཁག་ཅིག་ཡིན་པ་ལས། ཁྲིམས་ལུགས་ལ་བཅོས་སྒྱུར་བྱ་རྒྱུ་དེ་ནོར་སྲིད་སྡེ་ཁག་གི་བྱ་བ་མིན། ཡིན་ནའང་གནད་དོན་མཐོང་ཚེ་བཤད་དགོས།"

  གནད་ཆེ་ས།
  "ལས་བཟོ་བ་དང་ཁེ་ལས་པས་ཟླ་ཕོགས་ལ་གྲོས་མོལ་བྱས་ཆོག"
  རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་། རྒྱལ་ཡོངས་བཟོ་ཚོགས་སྤྱིའི་ཀྲུའུ་ཞི་གཞོན་པ། ཞིང་བ་ལས་བཟོ་བ། འདི་དག་ཚང་མ་ནི་ཅོའུ་ཞའོ་ལིན་གྱི་ཐོབ་ཐང་མཚོན་བྱེད་ཡིན། ཁ་སང་། ངལ་རྩོལ་གན་རྒྱའི་ཐབས་ལམ་གྱི་གནད་དོན་ལ་ཁ་གཏད་ནས། ཅོའུ་ཞའོ་ལིན་གྱིས་པེ་ཅིན་གསར་འགྱུར་གྱི་གསར་འགོད་པར་བསྟན་དོན། འདྲ་མཉམ་གྱི་ཆ་ནས་བཤད་ན། མིག་སྔའི་ངལ་རྩོལ་གན་རྒྱའི་ཐབས་ལམ་ནི་ལས་བཟོ་བ་དང་ཁེ་ལས་གཉིས་ཀ་ལ་འདྲ་མཉམ་ཡིན་པར་མ་ཟད། ད་ལྟ་ཟླ་ཕོགས་ལའང་གྲོས་མོལ་བྱས་ཆོག

  ཅོའུ་ཞའོ་ལིན་གྱིས་བསྟན་དོན། ཡུལ་དངོས་རྟོག་དཔྱོད་བརྒྱུད། ཁོས་མིག་སྔར་ཁེ་ལས་ལ་དངོས་གནས་ལས་སྤྱོད་མ་རྩ་མཐོ་བའི་གནད་དོན་གནས་པ་ཤེས་རྟོགས་བྱུང་བ་སྟེ། དཔེར་ན། སྤྱི་ཚོགས་འགན་སྲུང་གི་ཕྱོགས་ནས། འབྲེལ་ཡོད་གཏན་འབེབས་ལྟར་ན། རྒྱལ་ནང་གི་ལས་སྤྱོད་ལས་ཁུངས་ཀྱིས་སྤྱིར་བཏང་དུ་ལས་བཟོ་བར་རྒན་གསོའི་འགན་སྲུང་དངུལ 20% སྤྲོད་དགོས་པ་དང་། ལས་བཟོ་བ་རང་ཉིད་ཀྱིས 80% སྤྲོད་དགོས། "20% བསྡུར་ཚད་འདི་ཉིད་ཕྱི་རྒྱལ་དང་བསྡུར་ན་ཧ་ཅང་མཐོ་བ་ཡིན།"

  དུས་མཉམ་དུ། ངལ་རྩོལ་གན་རྒྱའི་ཐབས་ལམ་ཁྲོད་གཏན་འབེབས་བྱས་པའི་རྒན་གསོའི་འགན་སྲུང་ལའང་རིམ་པ་འགའ་མཆིས་ཏེ། རིགས་མི་མཐུན་པའི་ཁེ་ལས་ཀྱིས་སྤྲད་པའི་རྒན་གསོའི་འགན་སྲུང་གི་ཚད་གཞིར་ཁྱད་པར་ཡོད་དེ། ཁེ་ལས་ཀྱིས་ཀྱང་ཚད་གཞི་དམའ་བ་གཞིར་བཟུང་ནས་ཞིང་བ་ལས་བཟོ་བར་རྒན་གསོིའི་འགན་སྲུང་སྤྲད་ཆོག་ལ། འདིའི་ཐད་ནས་གྲོས་མོལ་ཡང་བྱས་ཆོག  དཔེར་ན། ད་ལྟ་ཡང་ཞིང་གྲོང་ས་ཁུལ་ལ་ཁ་གཏད་པའི་ཞིང་གྲོང་འགན་སྲུང་གསར་བ་མཆིས་ཏེ། "ཞིང་གྲོང་འགན་སྲུང་གསར་བའི་མ་དངུལ"ནི་མི་སྒེར་གྱིས་དངུལ་སྤྲོད་པ་དང་། ཚོགས་པའི་རོགས་དངུལ། སྲིད་གཞུང་གི་གསབ་དངུལ་བཅས་ཀྱིས་གྲུབ་ཡོད།

  ཅོའུ་ཞའོ་ལིན་གྱིས་འདོད་དོན། མིག་སྔའི་ཁེ་ལས་ཀྱི་ལས་སྤྱོད་མ་རྩ་མཐོ་བའི་རྒྱུ་རྐྱེན་ཁྲོད། ཐོན་ནུས་ཚད་བརྒལ་ངང་ལྷག་པ་ཡིས་ཁག་གཅིག་ཟིན་ཏེ། ལས་བཟོ་བས་སྤྲད་པའི་སྤྱི་ཚོགས་འགན་སྲུང་མ་རྩའི་ཡང་ཁག་གལ་ཆེན་ཞིག་ཟིན། "མི་སྣ་བཀོལ་སྤྱོད་ལས་ཁུངས་དང་ལས་བཟོ་བ་ཕྱོགས་གཉིས་ཀའི་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་། རྒན་གསོའི་འགན་སྲུང་འོས་འཚམ་སྒོས་སྡེབ་སྒྲིག་བྱས་ཆོག"

  "ཞིང་བ་ལས་བཟོ་བ་ལྟོས་བཅས་ཀྱིས་ཤུགས་ཞན་མོད། འོན་ཀྱང་དམིགས་བསལ་གྱི་སྤྱོད་སྟངས་སྤེལ་མི་དགོས། སྒྲིག་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན"ཞེས་ཅོའུ་ཞའོ་ལིན་གྱིས་དེ་ལྟར་བཤད།

  "ངལ་རྩོལ་གན་རྒྱའི་ཐབས་ལམ་ཀྱིས་ཁེ་ལས་ལ་སྲུང་སྐྱོབ་བྱས་པ་མི་འདང་།"
  ད་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་། རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་། ཧི་པའེ་ཁྲོན་ཧྥུན་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་ཚའོ་པོ་ཧྭ་ཡིས《<ངལ་རྩོལ་གན་རྒྱའི་ཐབས་ལམ>ལ་བཟོ་བཅོས་བྱེད་པའི་སྐོར་གྱི་གྲོས་གཞི》ཡར་ལ་སྤྲད། ཁོས་འདོད་དོན་ནི་ངལ་རྩོལ་གན་རྒྱའི་ཐབས་ལམ་གྱིས་ངལ་རྩོལ་མཁན་ལ་ཕྱོགས་ཞེན་བྱས་པ་ཚད་བརྒལ་ནས། ཁེ་ལས་ཀྱི་ལས་སྤྱོད་མ་རྩ་ཚད་མཐོར་གོང་སྤར་གྱི་རྣམ་པ་བསྐྲུན། ཁེ་ལས་ལ་སྲུང་སྐྱོབ་བྱས་པ་མི་འདང་བ་མངོན་གསལ་ཡིན་པས། ཕྱོགས་ཞེན་ཆེ་བའི་དོན་ཚན་ཁག་ལ་བཟོ་བཅོས་རྒྱག་དགོས་པའི་གྲོས་གཞི་བཏོན་པ་རེད།

  ཚའོ་པོ་ཧྭ་ཡིས་དཔེ་དྲངས་ནས་བཤད་རྒྱུར། ངལ་རྩོལ་མཁན་གྱིས་ཟླ་གཅིག་གི་སྔོན་དུ་ཡིག་ངོས་ནས་མི་སྣ་བཀོལ་སྤྱོད་བྱེད་མཁན་གྱི་ལས་ཁུངས་ལ་བརྡ་བཏང་ཚེ། ངལ་རྩོལ་གན་རྒྱ་གྲོལ་ཆོག  འོན་ཀྱང་ངལ་རྩོལ་མཁན་ཁེ་ལས་དང་ཁ་བྲལ་ནས་སྐྱེལ་ཡོང་བའི་གྱོང་གུན་ལ་བྱེ་བྲག་གི་ཁྲིམས་འགན་གཏན་འབེབས་བྱས་མེད། ཁོས་བཤད་རྒྱུར། དོན་ཚན་འདི་དག་གིས། ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་ར་ཡི་གླ་པའི་སྟབས་བསྟུན་རང་བཞིན་ཇེ་དམའ་རུ་བཏང་ཡོད་ལ། ཁེ་ལས་ཀྱི་མི་སྣ་བཀོལ་སྤྱོད་དབང་ཆ་དང་བདག་གཉེར་གྱི་དབང་ཆ་སོགས་ཉམས་ཞན་དུ་བཏང་ཡོད།

  "ཁེ་ལས་ཀྱི་མ་རྩ་རྡིབ་ཀྱང་ལས་བཟོ་བར་གསབ་དངུལ་སྤྲོད་དགོས། བྱ་བ་བསྒྲུབ་པ་མི་བཟང་བ་དང་། ཧུར་ཐག་རང་བཞིན་དཀོན་པའི་ལས་བཟོ་བ་དག་ཀྱང་ལས་སླ་མོར་ཕྱིར་འབུད་གཏོང་མི་ཕོད་པས། ངལ་རྩོལ་ཐབས་ལམ་གྱིས་སྒྱིད་ལུག་གི་རང་བཞིན་ལ་སྲུང་སྐྱོབ་བྱས་པ་རེད།" ཚའོ་པོ་ཧྭ་ཡིས་བཤད་རྒྱུར། "ཁེ་ལས་ལ་མཚོན་ན། ལས་སྤྱོད་མ་རྩ་ཚད་མཐོན་པོར་གོང་དུ་སྤར་བ་དང་། ཟླ་ཕོགས། འགན་སྲུང་སོགས་ཀྱི་འགྲོ་གྲོན་ཚབས་ཆེན་སྒོས་ཕན་མེད་དུ་གྱུར་ནས་ཁེ་སྤོགས་མེད་པར་བཟོས་ཚེ། ཁེ་ལས་དང་ལྷག་པར་ཁེ་ལས་ཆུང་ངུ་དག་གིས་འགན་ཐེག་དཀའ། ལོ་འདི་དག་ལ་དཔལ་འབྱོར་སྒྲིག་གཞི་སྙོམ་སྒྲིག་བྱས་པ་ཡིས། ཁེ་ལས་ཀྱི་གནོན་ཤུགས་ཇེ་ཆེར་བཏང་ཞིང་། ད་ལྟའི་བཟོ་གྲྭ་ཁག་ཅིག་ཡོ་ནན་དང་ཧིན་རྡུ། བལ་བོ་ལ་གནས་སྤོ་བའི་རྣམ་པའང་བཟོས་ཡོད།"

  དེ་བས། ཚའོ་པོ་ཧྭ་ཡིས་གྲོས་གཞི་བཏོན་པ་ནི། ད་ལྟ་ལག་བསྟར་བྱེད་བཞིན་པའི་ངལ་རྩོལ་གན་རྒྱའི་ཐབས་ལམ་ལ་བཟོ་བཅོས་བྱས་ནས། ངལ་རྩོལ་མཁན་བདག་པོར་བྲལ་ཆོག་ཀྱང་། བདག་པོར་ངལ་རྩོལ་མཁན་ཕྱིར་འབུད་གཏོང་བའི་དབང་ཆ་མེད་པའི་སྣང་ཚུལ་ཐག་གཅོད་བྱེད་དགོས་པ་དེ་ཡིན་ལ། ངལ་རྩོལ་མཁན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། ད་དུང་ཁེ་ལས་ལ་རྣམ་པ་མང་པོའི་ལས་སྤྱོད་བྱེད་སྟངས་བེད་སྤྱད་ནས། སྐབས་འཕྲལ་གླ་པ་དང་། དུས་བགོས་གླ་པ། ཞོར་འཛིན་ལས་འགན་པ། ངལ་ལས་མངགས་བཅོལ་སོགས་ཀྱི་ལས་ཞུགས་རྣམ་པའི་ཁྲིམས་ལུགས་ཀྱི་འབྲེལ་བ་གསལ་བོར་གཏན་འབེབས་བྱེད་དགོས་པར་སྐུལ་མ་གཏོང་དགོས། 

  "ཉིན་གླ་ཅན་གྱི་ཞིང་བ་ལས་བཟོ་བའི་སྤྱི་ཚོགས་འགན་སྲུང་སྤྲོད་མཁན་གྱི་ཁེ་ལས་ཤིན་ཏུ་ཉུང་།"
  རྒྱལ་ཡོངས་དམངས་ཆེན་འཐུས་མི་ཀྲང་ཞོ་ཆིན་ནི་ཧུའུ་ནན་ཧྲན་ཧི་རིག་ནུས་གོ་ལག་མ་རྐང་ཚད་ཡོད་ཀུང་ཟིའི་ལས་མི་ཞིག་ཡིན་ཏེ། རང་ཉིད"ཞིང་བ་ལས་བཟོ་བའི"ཁྱུ་ཚོགས་ནས་ཐོན་པར་བཤད། མོས་ཀྱང་ཉེ་ཉིན་ངལ་རྩོལ་གན་རྒྱའི་ཐབས་ལམ་ལ་བཟོ་བཅོས་བརྒྱབ་པའི་བརྡ་འཕྲིན་ལ་མཉམ་འཇོག་བཞིན་ཡོད་པ་རེད།

  མོས་བཤད་རྒྱུར། མིག་སྔར་ཞིང་བ་ལས་བཟོ་བས་སྤྱི་ཚོགས་འགན་སྲུང་སྤྲོད་པའི་གནས་ཚུལ་ནི། ཚད་ལྡན་གྱི་ཀུང་ཟི་ཚང་མས་གཏན་འབེབས་ལྟར་འགན་སྲུང་དངུལ་སྤྲོད་སྲིད་མོད། འོན་ཀྱང་ཉིན་གླ་ཅན་ལ་སྤྱི་ཚོགས་འགན་སྲུང་སྤྲོད་མཁན་གྱི་ཁེ་ལས་ཕལ་ཆེར་མི་འདུག་པ་དེ་རེད།

  དཔེར་ན་འཛུགས་སྐྲུན་ལས་རིགས་ཁྲོད། ཞིང་བ་ལས་བཟོ་བས་ངལ་རྩོལ་གན་རྒྱ་མི་འཇོག་པའི་བསྡུར་ཚད་ཐོག་མཐའ་བར་གསུམ་དུ་མཐོ་སར་གནས། ཀྲང་ཞོ་ཆིན་གྱིས་བཤད་རྒྱུར། དེའི་ཐད་ཀར་གྱི་མཇུག་འབྲས་ནི་མི་ཚོགས་འདིས་ལས་རྨས་འགན་སྲུང་ལོངས་སྤྱོད་བྱེད་དཀའ་བ་དང་། "ཁྱབ་ཁོངས་འདིའི་ཁྲོད་ཕལ་ཆེར་ཁག་ཐེག་གཅིག་ཀྱང་མི་འདུག"

  མོས་འདོད་དོན། གལ་ཏེ་ངལ་རྩོལ་གན་རྒྱའི་ཐབས་ལམ་ལ་བཟོ་བཅོས་བྱེད་དགོས་ཚེ། ཁ་གསལ་བོར་གཏན་ལ་ཕབ་འོས་ཤིང་། ཞིང་བ་ལས་བཟོ་བ་ཕྱིར་སོང་ནས་ཞོར་ལས་བྱེད་པར་ཚུལ་མཐུན་གྱི་གན་རྒྱའི་ལམ་ལུགས་ཤིག་དགོས་པ་དང་། གལ་ཏེ་ཞིང་བ་ལས་བཟོ་བ་ལོ་ཕྱེད་དང་ཡང་ན་ལོ 1 ཡན་ལ་གླས་ཚེ། ཁེ་ལས་ཀྱིས་ངེས་པར་དུ་འགན་སྲུང་སྣ་ཚོགས་ཉོ་དགོས་ལ། "ཚོང་དོན་ཐོ་འགོད་ཀྱི་ཀུང་ཟི་ཡོད་ཚེ། ངེས་པར་འདི་ལྟར་བསྒྲུབ་དགོིས།"

  སྲིད་གཞུང་སྡེ་ཁག་གིས་ད་དུང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་འོས་ཏེ། གཅིག་ནི་ལྟ་སྐུལ་དོ་དམ་བྱེད་མཁན་གྱི་ཁེ་ལས་ཀྱིས་འགན་སྲུང་སྤྲད་པའི་གནས་ཚུལ་ཡིན་པ་དང་། གཉིས་ནི་ཞིང་བ་ལས་བཟོ་བས་སྤྲད་པའི་གནས་ཚུལ་ལ་ལྟ་སྐུལ་བྱེད་དགོས་པ་དེ་ཡིན། "ཞིང་བ་ལས་བཟོ་བ་ཁ་ཤས་སྒོར་མོ་མང་པོ་ལེན་རྒྱུར་དགའ་བས། འགན་སྲུང་སྤྲོད་པའི་འདུ་ཤེས་ཀྱིས་མི་འདང་།"

  ཀྲང་ཞོ་ཆིན་གྱིས་འདོད་དོན། ད་དུང་ཁ་གསལ་བོའི་སྒོ་ནས་ཟླ་ཕོགས་འཕར་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་སུ་སོང་བའི་ཆུ་ཚད་ཀྱི་རྗེས་ཆོད་དགོས་པའི་རེ་བ་འདོན་འོས། ད་ལྟ་དངོས་པོའི་རིན་གོང་མཐོ་དྲགས་ནས། ཟླ་ཕོགས་ལོ་གཅིག་ལ་སྒོར་བཅུ་ཕྲག་འཕར་བ་ཡིས་འཚོ་བའི་ཆུ་ཚད་ལ་འགྱུར་ལྡོག་བྱུང་བའི་རྗེས་མི་ཆོད། དེ་བས་ཞིང་བ་ལས་བཟོ་བའི་ལོ་རེར་འཕར་བའི་ཟླ་ཕོགས་ཀྱི་བསྡུར་ཚད་ཅུང་ཆེ་དགོས་པའི་གྲོས་གཞི་བཏོན་པ་ཡིན། "ཕན་བདེའི་ལྟ་སྐྱོང་ཇེ་བཟང་དུ་གྱུར་ཚེ། ང་ཚོར་ཡང་ལྷག་ཏུ་ངར་ཤུགས་ལྡན།" 

  "སྲིད་གཞུང་གིས་འགན་སྲུང་ལྔ་དང་མ་དངུལ་གཅིག་གི་ཁག་ཅིག་འོས་འཚམ་སྒོས་འགན་འཁུར་ཆོག"
  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ལའོ་ཉིན་ཨོ་ཁི་རྫས་འགྱུར་མ་རྐང་ཚད་ཡོད་ཀུང་ཟིའི་འགོ་གཙོ་ཀྲུའུ་ཅན་མུན་གྱིས་འདོད་དོན། འགན་འཁུར་གྱི་ཆ་ནས་བལྟས་ཚེ། མིག་སྔའི་ངལ་རྩོལ་གན་རྒྱར་གནད་དོན་མི་འདུག  དེའི་རྒྱུ་མཚན་གན་རྒྱ་ནི་ཕྱོགས་གཉིས་ཀའི་གན་རྒྱ་ཡིན། འོན་ཀྱང་དཔལ་འབྱོར་ཐད་ཀྱི་འགན་འཁུར་དང་ཁེ་ལས་ཀྱི་ལས་སྤྱོད་མ་རྩའི་ཕྱོགས་ནས་བཤད་ཚེ། མིག་སྔར་དངོས་གནས་གནད་དོན་ངེས་ཅན་ལྡན།

  ཀྲུའུ་ཅན་མུན་གྱིས་བསྟན་དོན། ད་ལྟའི་ཁེ་ལས་ཀྱི་ལས་སྤྱོད་མ་རྩ་གཅིག་ནི་ཁྲལ་མཐོ་བ་ཡིན་ལ། གཉིས་ནི་རིན་མཐོ་བ་ཡིན། མིག་སྔའི་འགན་སྲུང་ལྔ་དང་མ་དངུལ་གཅིག་ནི་ལས་བཟོ་བ་དང་ཁེ་ལས་གཉིས་ཀྱིས་སོ་སོ་ནས་ཁག་གཅིག་རེ་སྤྲོད་དགོས་པ་ལས། སྲིད་གཞུང་གིས་འགན་འཁུར་གྱིན་མེད། གནས་ཚུལ་འདི་འདྲ་ལ་བཅོས་སྒྱུར་བྱ་དགོས།

  "སྤྱིའི་ཆ་ནས་བཤད་ན། མིག་སྔར་ངལ་རྩོལ་ནུས་ཤུགས་ཁྲོམ་རའི་སྟབས་བསྟུན་རང་བཞིན་གྱིས་མི་འདང་བ་དང་། ཁེ་ལས་ཀྱི་ལས་སྤྱོད་མ་རྩ་ཅུང་མཐོ་བའི་གནད་དོན་གནས་པ་ལས། ངལ་རྩོལ་གན་རྒྱའི་ཐབས་ལམ་རང་ངོས་ཀྱི་གནད་དོན་མིན།" ཀྲུའུ་ཅན་མུན་གྱིས་བཤད་རྒྱུར། རྒྱལ་ཁབ་ནོར་སྲིད་ལའང་ལས་བཟོ་བའི་སྤྱི་ཚོགས་འགན་སྲུང་གི་རིན་གོང་ཐག་གཅོད་པའི་འགན་འཁུར་མཆིས་ཏེ། ལས་བཟོ་བ་དང་ཁེ་ལས་ཁོ་ནས་འགན་འཁུར་འོས་པ་མིིན། མིག་སྔར། དཔལ་འབྱོར་སྒྲིག་གཞི་སྙོམ་སྒྲིག་གི་དུས་སྐབས་སུ་གནས་པས། ཁེ་ལས་བདག་གཉེར་བྱ་བར་ཡང་དཀའ་ཁག་ལ་འཕྲད་ཡོད། དེ་བས། མིག་སྔར། སྲིད་གཞུང་གིས"རོགས་སྐྱོར་གྱི་ལག་ཟུང"བརྐྱང་ཏེ། ཁེ་ལས་ཀྱི་ལས་སྤྱོད་མ་རྩ་ཇེ་ཡང་དུ་གཏོང་འོས། འོན་ཀྱང"ཇེ་ཡང་དུ་གཏོང་རྒྱུ"ནི་ལས་བཟོ་བའི་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མིན་པར། སྲིད་གཞུང་གིས་ནོར་སྲིད་ཀྱི་རྒྱབ་སྐྱོར་མཁོ་སྤྲོད་བྱ་རྒྱུ་དེ་ཡིན། དེ་མིན་ཚེ། ཁེ་ལས་ཀྱི་ལས་སྤྱོད་མ་རྩ་དེ་ཁ་བས་བཟོས་པའི་ལྒང་བུ་ནང་བཞིན། དབབ་འདྲིལ་ཇི་ལྟར་བྱས་ཚེ་དེ་ལྟར་ཁེ་གྱོང་རག་ནས་མཐའ་མཇུག་མ་རྩ་རྡིབ་སྲིད་ཅིང་། ཁྲོམ་རའི་གསོན་ཤུགས་རང་བཞིན་ཡང་ཇེ་དམར་འགྱུར་སྲིད། "ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུས་ཀྱང་ཁེ་ལས་ཀྱི་ཁྲལ་དང་རིན་གོང་ཇེ་དམར་གཏོང་རྒྱུ་གླེང་ཡོད། འོན་ཀྱང་ངས་ད་དུང་སྟོབས་ཤུགས་ཁ་སྣོན་བྱེད་ཆོག་པར་སྙམ།" 

  ཀྲོའུ་ཅན་མུན་གྱིས་གྲོས་གཞི་བཏོན་པ་ནི། སྲིད་གཞུང་གིས་འགན་སྲུང་ལྔ་དང་མ་དངུལ་གཅིག་གི་ཁག་ཅིག་འགན་འཁུར་འོས་ཏེ། ཁག་འདི་ནི་ཁེ་ལས་ལ་གསབ་དངུལ་སྤྲོད་པ་མིན་པར། ལས་བཟོ་བར་གསབ་དངུལ་སྤྲོད་དགོས་པ་དེ་ཡིན། དཔེར་ན། ཁེ་ལས་ཀྱི་ཟླ་ཕོགས་འགྲོ་གྲོན་ཁྲོད་འགན་སྲུང་ལྔ་དང་མ་དངུལ་གཅིག་ལ་བཀོལ་བའི 35% ཡི་རིན་གོང་ལས། སྲིད་གཞུང་གིས 10% ཡི་འགན་འཁུར་བ་དང་། ཁེ་ལས་ཀྱིས 20% ཡི་འགན་འཁུར་བ། ཡང་ལས་བཟོ་བས 5% ཡི་འགན་འཁུར་དགོས། གནས་ཚུལ་འདི་འདྲའི་འོག  ཁེ་ལས་ཀྱི་ལས་སྤྱོད་མ་རྩ་ཚད་མཐོར་གྱུར་བའི་སྣང་ཚུལ་སེལ་ཐུབ་ལ། ཁྲོམ་རའི་གསོན་ཤུགས་ཀྱང་ལྟོས་བཅས་ཀྱིས་ཇེ་མཐོར་འགྲོ་སྲིད། 

  ★དཔེ་མཚོན། 
  "ངལ་རྩོལ་མཁན་སྔར་བཞིན་ཉམས་ཞན་པའི་གནས་བབ་ཏུ་མཆིས།" 
  ལིའུ་ཁྲང་ནི་པར་སྐྲུན་ཀུང་ཟི་ཞིག་ནས་རྩོམ་སྒྲིག་པ་བྱས་ཤིང་། ལས་རིགས་འདིར་ཞུགས་ནས་ལོ 3 འགོར། ལོ་ངོ་འདི་གསུམ་གྱི་རིང་། མོའི་ཁྲལ་བླངས་རྗེས་ཀྱི་ཟླ་ཕོགས་སྒོར 4000 ནས 5000 ལ་འཕར་ཟིན་ལ། སྤྱི་ཚོགས་འགན་སྲུང་ཡང་གླ་ཕོགས་དང་བསྟུན་ནས་ཅུང་འཕར་སྲིད། 

  ལིའུ་ཁྲང་གིས་འདོད་དོན། ཟླ་ཕོགས་ཇེ་མཐོར་གྱུར་བ་དེ་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཕྱོད་མཐོར་འདེགས་སུ་འགྲོ་བར་མི་ཕན་ཞེས་པ་ཡང་དག་ཅིག་མ་རེད། "དངོས་པོའི་རིན་གོང་ཇེ་མཐོར་འགྲོ་བཞིན་ཡོད་མོད། འོན་ཀྱང་འཚོ་བའི་མ་རྩ་མུ་མཐུད་ཁ་སྣོན་བྱུང་བའི་གནས་ཚུལ་འོག་འགྲོ་སྒོ་སྔར་བཞིན་ཅུང་ཆེ།" 

  ཀུང་ཟིའི་མཁོ་སྤྲོད་བྱས་པའི་སྦྱོང་བརྡར་གྱི་གོི་སྐབས་ལ་མཚོན་ན། ལིའུ་ཁྲང་གིས་བསྟན་དོན། པར་སྐྲུན་ལས་རིགས་ཀྱི་སྦྱོང་བརྡར་ལ་གཏན་འབེབས་ངེས་ཅན་ལྡན་པས། ལོ་རེ་རེར་ལས་བཟོ་བར་སྦྱོང་བརྡར་གྱི་གོ་སྐབས་མཆིས། "འོན་ཀྱང་སྦྱོང་བརྡར་བསླབ་ཚན་གྱི་སྤུས་ཀ་མི་བཟང་བས། བྱེད་སྒོའི་ནུས་ཤུགས་གོང་སྤར་ལ་རོགས་རམ་བྱ་རྒྱུར་ཚད་བཀག་ལྡན།"

  དེ་ལས་གཞན། ལིའུ་ཁྲང་གིས་ད་དུང་ངོ་སྤྲོད་བྱེད་རྒྱུར། ད་ལྟ་ཀུང་ཟིས་སྤྱི་ཚོགས་འགན་སྲུང་དང་སྤྱི་གསོག་མ་དངུལ་ནི་ཕལ་ཆེར་ཆེས་དམའ་བའི་ཚད་གཞི་ལྟར་སྤྲོད་བཞིན་ཡོད་དེ། མིག་སྔའི་སྤྱི་གསོག་མ་དངུལ་སྤྲད་པའི་ཆུ་ཚད་ལྟར་ན། ཁང་བ་ཉོ་དུས་ཆེས་མཐོའི་ཆུ་ཚད་ལྟར་སྒོར་སྐྱི་མི་ཐུབ། "ངའི་ཡར་སྔོན་གྱི་ཀུང་ཟི་ཡིས་འགན་སྲུང་གསུམ་དང་མ་དངུལ་གཅིག་མ་གཏོགས་སྤྲོད་ཀྱིན་མེད་པས། ངས་ངལ་རྩོལ་མཁན་སྔར་བཞིན་ཉམས་ཞན་པའི་ཁྱུ་ཚོགས་སུ་གནས་པར་སྙམ་ཞིང་། ལྷག་པར་དུ་དཔལ་འབྱོར་ཉམས་རྒུད་དུ་གྱུར་བའི་སྐབས་སུ། ཞེས་ལིའུ་ཁྲང་གིས་དེ་ལྟར་བཤད།" 

  ངལ་རྩོལ་གན་རྒྱའི་ཐབས་ལམ་ལ་བཟོ་བཅོས་བྱེད་དགོས་པར་མཚོན་ན། ལིའུ་ཁྲང་གིས་ངལ་གསོའི་ཉིན་གྲངས་ཇེ་མང་དུ་བསྒྱུར་རྒྱུར་རེ་བ་བྱེད་བཞིན་ཡོད་ལ། "པེ་ཅིན་གྱི་ལམ་འགྲོའི་མ་རྩ་ངོ་མ་མཐོ་དྲགས་པས། དོན་ཚན་དེ་དག་གིས་བུད་མེད་ལས་བཟོ་བའི་དམིགས་བསལ་གྱི་གནས་ཚུལ་ལ་ལྷག་ཏུ་བསམ་བློ་གཏོང་བའི་རེ་བ་བྱེད་བཞིན་མཆིས།"

  "མི་སྣ་བཀོལ་སྤྱོད་ཀྱི་མ་རྩ་མཐོ་བས་སྦྱོང་བརྡར་གྱི་མ་དངུལ་མེད་པ།"
  མཱ་ཞའོ་ཧའེ་ནི་སྒེར་གཉེར་ཁེ་ལས་ཤིག་གི་སྦྱིན་བདག་ཡིན་ལ། ཀུང་ཟི་ཕྱེ་ནས་ལོ་བཅུ་ལྷག་འགོར་ཡོད་པ་དང་། ཀུང་ཟིར་ལས་བཟོ་བ ༢༠ ལྷག་མཆིས། མཱ་ཞའོ་ཧའེ་ཡིས་འདོད་དོན། ད་ལྟའི་ལས་བཟོ་བའི་སྤྱི་ཚོགས་འགན་སྲུང་གི་འགྲོ་གྲོན་ཅུང་ཆེ། རེ་འདུན་གཞིར་བཟུང་ན། ཡར་སྤྲད་པའི་དངུལ་གྲངས་ཀྱི་ལོ་རེའི་རིམ་འཕར་ཚད 8% -10% ཡིན་པས། ངེས་པར་དུ་སྤྲོད་དགོས་པ་མ་ཟད་ད་དུང་ལོ་རེ་རེར་ཁ་སྣོན་དགོས་པས། ཁེ་ལས་ལ་འགན་འཁུར་ཧ་ཅང་ཆེན་པོ་སྐྱེལ་ཡོང་ཡོད། 
  མཱ་ཞའོ་ཧའེ་ཡིས་ངོ་སྤྲོད་བྱས་པ་གཞིར་བཟུང་ན། ཟླ་རེ་རེར་ཀུང་ཟི་ཡིས་ལས་བཟོ་བར་ཆ་སྙོམས་ཀྱིས་སྒོར 1000 ལྷག་སྤྲོད་དགོས་པ་དང་། ལས་བཟོ་བའི་ཟླ་ཕོགས་སྒོར་སྟོང་ལྔ་ནས་དྲུག་གི་དབར་གནས་པར། མི་ཤུགས་མ་རྩ་ཡིས་ཉུང་མཐའ་ཡང་ཀུང་ཟིའི་ཁེ་བཟང་ཡོང་འབབ་ཀྱི 50% ཡན་ཟིན།
  ལས་བཟོ་བའི་སྦྱོང་བརྡར་ཐད་ནས། མཱ་ཞའོ་ཧའེ་ཡིས་བསྟན་དོན། མིག་སྔར་མི་ཤུགས་མ་རྩ་མཐོ་དྲགས་པས། ལས་བཟོ་བའི་སྦྱོང་བརྡར་ཐད་གཏོང་རྒྱུའི་མ་དངུལ་ཧ་ཅང་མང་པོ་མེད།

  མཱ་ཞའོ་ཧའེ་ཡིས་རེ་བ་ནི། ཁེ་ལས་ཀྱིས་སྤྱི་ཚོགས་འགན་སྲུང་སྤྲོད་པའི་བསྡུར་ཚད་མྱུར་མོར་ཇེ་དམའ་རུ་བཏང་སྟེ། ཁེ་ལས་མི་སྣའི་འགྲོ་གྲོན་ཇེ་ཉུང་དུ་གཏོང་དགོས་པ་དེ་རེད། "ད་ལྟ་དཔལ་འབྱོར་ཉམས་རྒུད་དུ་གྱུར་བས། ཁེ་ལས་ཧ་ཅང་མང་པོས་ལས་མི་ཕྱིར་འབུད་གཏོང་བཞིན་འདུག  ངའི་ལས་བཟོ་བ་དག་གིས་ལོ་ཧ་ཅང་མང་པོར་ལས་ཀ་གཉེར་བས། ད་ལྟ་ཁེ་བཟང་ཡོང་འབབ་ཉུང་ཡང་། ཟླ་ཕོགས་ཇེ་དམའ་རུ་གཏོང་བ་དང་ཡང་ན་ལས་མི་ཕྱིར་འབུད་གཏོང་བའི་འཆར་གཞི་མེད།" 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070