སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གྲམ་ཐང་ཐོག་ཏུ་གྲོང་ཚོ་གསར་པ་བསྐྲུན།
སྤེལ་དུས། 2017-04-20   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  བསོད་དབང་གིས་བསྒྱུར།
—— ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་གསུམ་ལྡན་གྲོང་ཚོའི་གནས་སྤོས་སྐོར།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་ཤང་གི་གསུམ་ལྡན་གྲོང་ཚོའི་རྣམ་པ་ཧྲིལ་པོ།
          ལོ་གཅིག་གི་གོང་དུ་ས་ཆ་དེ་ནི་གང་སར་འོབ་དོང་དང་རྩྭ་ངན་གྱིས་ཁེངས་པའི་གྲམ་ཐང་ཡིན། ད་ཆ་གནད་སྨིན་དབུལ་སྐྱོར་འཆར་འགོད་ཀྱིས་གནས་དེར་རེ་བ་གསར་པ་ཞིག་སྦྱིན་ནས་བོད་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དང་པོར་གྱུར་ཡོད།
          ན་ནིང་ཟླ་བ་གསུམ་པར་གཅིག་སྡུད་བཀོད་སྒྲིག་ཁུལ་བསྐྲུན་རྒྱུའི་འཆར་གཞི་བཀོད་ཅིང་། ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་བཏང་ནས་རྟ་དཀར་གྲོང་ཚོར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་བསྐྲུན་རྒྱུའི་ལས་དོན་སྤེལ་འགོ་ཚུགས། ན་ནིང་ཟླ་བ་བདུན་པར་ཆུ་ཤུར་རྫོང་གི་ཤང་3དང་གྲོང་ཚོ་10ཡི་དུད་ཚང་184དང་མང་ཚོགས་དབུལ་པོ་712དེ་གར་རིམ་གྱིས་སྤོས་པ་དང་བོད་ཀྱི་ཡུལ་གཞན་དུ་གནས་སྤོས་ཀྱི་ཕན་པ་ཐོབ་མཁན་དང་པོར་གྱུར། གནས་སྤོས་དུད་ཚང་ལ་“སྡོད་ཁང་དང་། ལས་ཞུགས། བདེ་ཐང”བཅས་ཡོང་བའི་རེ་བ་དེར་དམིགས་ནས་གྲོང་ཚོ་དེར“གསུམ་ལྡན་གྲོང་ཚོ”ཞེས་མིང་རྟགས།
          ད་ཆ“སྡོད་ཁང་དང་། ཐོན་ལས། བདེ་ཐང་བཅས་ཡོད་པའི”བདེ་སྐྱིད་གྲོང་ཚོ་དེར་མི་སེམས་འགུལ་བའི་གཏམ་རྒྱུད་གང་ཞིག་ཡོད་དམ། ཉེ་དུས་གསར་འགོད་པ་གསུམ་ལྡན་གྲོང་ཚོར་བསྐྱོད་དེ་བཅར་འདྲི་བྱས།
          རེ་བ་གསར་པ།
          ཐང་རྒོད་དུ་ཁང་མིག་རྙིང་ཧྲུལ་ཁ་ཤས་ཡོད་པ་དང་གྱང་གི་སེར་སྲུབས་རས་ཀྱིས་བཀག་ཀྱང་རླུང་བུ་འགོག་ཐབས་བྲལ། དགུན་དུས་སེར་སྲུབས་ནས་རླུང་བུ་འཛུལ་སྐབས་མི་རྒན་པ་ཁ་འདར་ཤོར་བ་དང་ཕྲུ་གུ་གྲང་བས་མི་བཟོད་པར་ངུ་རྒྱུ་ལས་མི་འདས། སྡོད་ཁང་རི་གཤམ་དུ་ཡོད་པ་དང་ཞིང་ཁ་རི་ལྡེབས་སུ་ཡོད། དེ་ནི་ཆུ་ཤུར་རྫོང་ཚྭ་རགས་ཤང་ས་སྨད་གྲོང་ཚོའི་གྲོང་མི་བུ་ཆུང་གི་ཁང་པ་རྙིང་པ་དེ་རེད། གནས་ཚུལ་དེ་དག་མཐོང་སྐབས་མི་རྣམས་ལ་བརྗོད་མི་ཤེས་པའི་སྐྱོ་སྣང་ཞིག་སྐྱེས།
          བུ་ཆུང་གིས“ཆ་རྐྱེན་ལེགས་པའི་མི་ཚང་སྔ་ས་ནས་སྤོས་སོང་། ད་ཆ་ང་ཚོ་དུད་ཚང་དབུལ་པོ་མ་གཏོགས་ལྷག་མེད། གནམ་གཤིས་གྲང་བའི་སྐབས་སུ་རི་རྒྱབ་ཀྱི་གྲོག་རོང་ནས་འཁྱག་པ་བརྟོལ་ནས་ཆུ་ལེན་དགོས་པ་དང་ཕར་ཚུར་སྐྱོད་སྐབས་སྐར་མ་བཞི་བཅུ་ལྔ་བཅུ་འགོར་གྱི་འདུག”ཅེས་བརྗོད་བྱུང་། སྡོད་ཁང་གི་ཁོར་ཡུག་ཞན་པ་དང་བསྡུར་ན་ཡིད་ཐང་ཆད་ཤོས་ནི་འགྲོ་སྐྱོད་བདེ་པོ་མེད་པ་དེ་རེད། ཁོང་གི་ཁྱིམ་ནས་ཤང་བར་དེ་སྔ་ལམ་འཕྲང་ཞིག་ཡོད་པ་དང་ཞོགས་པ་རྐང་ཐང་མར་བསྐྱོད་ན་དགོང་མོ་གཞི་ནས་ཁྱིམ་དུ་འབྱོར་གྱི་ཡོད། སྐབས་འགར་ལྗིད་ཚད་རྒྱ་མ་བརྒྱ་ཙམ་ཡོད་པའི་འབྲུ་སྒལ་པར་ཁྱེར་ནས་ཁྲོམ་དུ་བཙོངས་པའི་དངུལ་གྱིས་མར་དང་ཚྭ་སོགས་འཚོ་བའི་མཁོ་ཆས་ཉོས་ཏེ་སྒལ་པར་ཁྱེར་ནས་ཁྱིམ་དུ་ལོག་གི་ཡོད། ཁོང་གི་ཁྱིམ་དུ་ནང་མི་དྲུག་ཡོད་པ་དང་འཚོ་བ་འཁྱོལ་ཙམ་ལས་མེད། དེ་སྔའི་ཡ་ང་བའི་གནས་ཚུལ་རྣམས་བློ་ལ་འཆར་སྐབས་བུ་ཆུང་གི་སྙིང་ལ་ཁབ་བཙུགས་པར་ལྟར་ཡོད།
          ན་ནིང་ཟླ་བ་བདུན་པར་བུ་ཆུང་ཡང་ཆུ་ཤུར་རྫོང་གི་ཤང་གྲོང་གསུམ་གྱི་དུད་ཚང་དབུལ་པོ་184དང་འདྲ་བར་དངུལ་ཕིང་གཅིག་ཀྱང་བཏོན་མི་དགོས་པར་མི་རིགས་ཀྱི་ཉམས་འགྱུར་ལྡན་པ་དང་གྲོང་ཚོའི་བཀོད་པ་ལེགས་པའི་དེང་རབས་ཅན་གྱི་ཁུལ་ཆུང་དུ་སྤོས་ནས་བོད་ཀྱི་ཁག་དང་པོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཕན་པ་ཐོབ་མཁན་དུ་གྱུར།
          བུ་ཆུང་གི་ཁང་པ་གསར་པར་སྐྱོད་སྐབས་ཚོམས་ཆེན་དུ་བསྒྲིགས་པའི་བོད་བཟོའི་ཆ་སྒམ་སྟེང་བཞག་པའི་ཧའེ་ཐང་མེ་ཏོག་ཕྲ་ཆིལ་ལེར་བཞད་ནས་འདུག་ལ། ཉལ་ཁང་དང་། ཐབ་ཚང་། མཛོད་ཁང་བཅས་བསྡོམས་རྒྱ་ཁྱོན་སྨི་ངོས་གྲུ་140ལྷག་ཙམ་འདུག བུ་ཆུང་གི་བཟའ་ཟླས་ཆ་སྒམ་འཕྱིད་བཞིན་འདུག བུ་ཆུང་གིས“ཁང་པ་གསར་པར་སྤོས་རྗེས་བཟའ་ཟླས་ཉིན་ལྟར་འཕྱིད་དར་བརྒྱབ་ནས་འོད་ཐིང་ཐིང་བཟོ་གི་ཡོད”ཅེས་ཤོད་སྐབས་བཟའ་ཟླས་ངོ་ཚ་སྨིན་པོས་ང་ཚོར་གད་མོ་དགོད་ཙམ་བྱས་བྱུང་། བུ་ཆུང་གིས“སྐྱིད་སྣང་དོད་པའི་ཁང་པ་འདི་འདྲར་སྡོད་རྒྱུ་ཡོང་བསམ་པ་མ་བྱུང་། ངས་ཕྱིར་གླ་པ་བརྒྱུགས་ནས་ལོ་ཉི་ཤུ་སུམ་བཅུའི་རིང་དངུལ་བསགས་ཀྱང་ཁང་པ་འདི་འདྲ་བརྒྱབ་རྒྱག་མི་ཐུབ། ང་ཚོའི་འཚོ་བར་སྐྱིད་པའི་ཉི་མ་ཤར་སོང”ཞེས་བརྗོད་བྱུང་།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716