སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཏང་ལ་ལྷག་བསམ་རྣམ་དག་གིས་ཉམས་མེད་ཀྱི་བྱས་རྗེས་ཆེན་པོ་འཇོག་པ།
སྤེལ་དུས། 2017-03-21   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  འཇིགས་རྡོ།
—— སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་སྐོར་གྱི་རིམ་སྤེལ་གནས་ཚུལ་འགོད་ཐེངས་གཉིས་པ།
          ཡུལ་དེར་ཏང་གཤིས་ཞུན་བརྡར་བྱེད་པ།
          བོད་དུ་ཕུ་མ་བྱང་ཐང་གི་སྐོར་གླེང་ཚེ་མི་ཤེས་མཁན་གཅིག་ཀྱང་མེད། “དཀའ་ཚེགས་ཅན་གྱི་ཡུལ”དེར་ཕུ་མ་བྱང་ཐང་གི་ལས་བྱེད་པ་དང་མང་ཚོགས་དང་དཔོན་དམག་ཚོས་དཔའ་ངར་ཞུམ་མེད་དང་འགན་འཁྲི་ཁུར་ཕོད་པའི་སྙིང་སྟོབས་ཐོག་ནས་བྱས་རྗེས་འཇོག་པ་དང་། ལང་ཚོ་དང་ལྷག་བསམ་ལ་བརྟེན་ནས་ཚེ་སྲོག་སྐྱོང་བ། ཏང་གཤིས་ལ་བརྟེན་ནས་བྱས་རྗེས་རྡོ་རིང་སྐྲུན་པ་བཅས་ཤང་དེ་ཡོངས་ཀྱི་མང་ཚོགས་1031དང་མཉམ་དུ་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་སྤྱི་ལེ་ངོས་གྲུ་1200ཡོད་པའི་ངོ་མཚར་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བཞིན་མཆིས།
          འདི་ལོ་ལོ་35ལ་སླེབས་པའི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སྐལ་བཟང་མཆོག་ལགས་ཕྱི་ཚུལ་ནས་བལྟས་ན་ན་མཉམ་ཚོ་ལས་རྒན་བཟོ་དོད་པ་ཡོད།“2014ལོར་དེར་ལས་ཀ་བྱེད་པར་སླེབས་ཚུན་ངའི་གཟུགས་པོའི་ལྗིད་ཚད་འཕྲལ་དུ་ཆག་པ་དང་སྐྲའང་ཚབས་ཆེན་བུད་འདུག སེམས་ཁྲལ་ཆེ་ཤོས་ནི་དྲན་ཤེས་ཉམས་པ་དང་ཚོར་སྐྱེན་ཞན་དུ་སོང་བ་དེ་རེད”“དེར‘མཐོ་བ་གསུམ་དང་ཐུང་བ་གཅིག’གི་གནས་ཚུལ་དངོས་ཤིག་ཡོད་པ་དེ་ནི་ཕྱི་ཕྱོགས་སུ་མི་མང་པོས་ཤོད་པའི‘ས་བབ་མཐོ་བ་དང་། ཁྲག་ཚིལ་མཐོ་བ། ཁྲག་ཤེད་མཐོ་བ། ཚེ་ཚད་ཐུང་བ’དེ་ཡིན”ཞེས་སྐལ་བཟང་མཆོག་ལགས་ཀྱིས་གསར་འགོད་པར་བཤད།
          ཕུ་མ་བྱང་ཐང་ཤང་དུ་ལས་ཀ་བྱས་ནས་ལོ་7ཙམ་སོང་བའི་ཀརྨ་དོན་གྲུབ་2016ལོའི་ཟླ་5པར་རྩ་འཛུགས་ཀྱིས་བཙན་ཤེད་ངང་ལས་གནས་བསྒྱུར། གཟུགས་པོའི་དམིགས་ཚད་ཁག་40ལྷག་ཙམ་ཚད་གཞི་ལས་བརྒལ་བའི་གནས་ཚུལ་དེ་ཁོང་གིས་རང་ཉིད་ཀྱི་བཟའ་ཟླར་ལོ་7སྦས་གསང་བྱས་ཡོད། 2010ལོར་ཀརྨ་དོན་གྲུབ་ཀྱིས་རང་མོས་ངང་ཕུ་མ་བྱང་ཐང་དུ་ལས་ཀ་བྱེད་པར་འགྲོ་རྒྱུའི་རེ་ཞུ་བྱས་པ་དང་སྐབས་དེར་ཁོང་གི་བུ་མོ་བདེ་ཆེན་མཚོ་མོ་སྐྱེས་མ་ཐག་ཡིན་པ་དང་བཟའ་ཟླ་ཚེ་རིང་གཡུ་སྒྲོན་གྱིས་རྟག་ཏུ་ཁོང་ལ་ག་དུས་རྫོང་དུ་ལས་བསྒྱུར་ཐུབ་མིན་སྐད་ཆ་འདྲི་གི་ཡོད།                  “ལས་བསྒྱུར་གང་མགྱོགས་ཐུབ་ཀྱི་རེད”ཅེས་པའི་སྐད་ཆ་དེ་ཀརྨ་དོན་གྲུབ་ཀྱིས་ཐེངས་མང་བཤད་མོད། འོན་ཀྱང་རྩ་འཛུགས་ཀྱིས་ཁོང་ས་བབ་དམའ་བའི་ས་ཆར་ལས་ཀ་བྱེད་པར་ཐེངས་གཉིས་བཀོད་སྒྲིག་བྱས་ཀྱང་ཁོང་གིས“གཟུགས་པོ་ཐང་པོ་ཡིན་པས་ད་དུང་ལོ་ཁ་ཤས་སྣང་དག་ཡོང་བ་མིན་འདུག”ཅེས་བཤད་དེ་ཕུ་མ་བྱང་ཐང་དུ་མུ་མཐུད་ལས་ཀ་བྱས་ནས་བསྡད།
          “ང་ནི་ཏང་ཡོན་ཞིག་དང་ཏང་གིས་གསོ་སྐྱོང་བྱས་པའི་ལས་བྱེད་པ་ཞིག་ཡིན་པས་ཡུལ་དེའི་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ནི་ངའི་ཚེ་གང་གི་གཟི་བསོད་ཡིན”ཞེས་ཀརྨ་དོན་གྲུབ་ཀྱིས་དེ་ལྟར་བཤད།
          དད་སེམས་གང་འདྲ་ཞིག་ལ་བརྟེན་ནས་ཁོང་ཚོས་ཕ་མ་ཕྲུ་གུ་དང་བྲལ་ཏེ་ཡུལ་དེར་ལས་གནས་བརྟན་སྲུང་ཐུབ་པ་ཡིན་ནམ། བརྩེ་སེམས་ཇི་འདྲ་ཞིག་ལས་ཁོང་ཚོ་ཡུལ་དེ་ལས་བྲལ་མི་ཕོད་པ་ཡིན་ནམ། སྟོབས་ཤུགས་ཇི་འདྲ་ཞིག་ལས་ཁོང་ཚོས་འགྱོད་པ་མེད་པར་ལང་ཚོ་ཕུ་མ་བྱང་ཐང་ལ་སྐྱེས་སུ་ཕུལ་བ་ཡིན་ནམ།
          ད་ལྟའི་ཤང་ཀྲང་ཧུའུ་ཕུང་པའོ་ཡིས་དེ་ནི་དད་སེམས་དང་འགན་འཁྲི་ཡིན། “གང་དུ་དཀའ་ངལ་ཡོད་ན་དེར་ཏང་ཡོན་ཡོད་ངེས་རེད། མང་ཚོགས་ལ་དགོས་མཁོ་ཡོད་ཚེ་ང་ཚོས་དཀའ་ངལ་ཁྱད་བསད་ཀྱིས་ཞབས་འདེགས་ཞུ་ངེས་རེད”ཅེས་བཤད།
          “ན་ནིང་ཟླ་11པའི་ཟླ་མཇུག་ཏུ་ང་ཚོ་ཡུལ་འདིར་བཅའ་སྡོད་བྱེད་པར་ཡོང་བ་ཡིན། འདིར་སླེབས་རྗེས་ཉིན་ལྟར་མགོ་ན་བ་དང་། ཞེ་མེར་ལངས་པ། སྣ་ཁྲག་དོན་པ་བཅས་གཟུགས་པོ་མི་འཕྲོད་མོད། འོན་ཀྱང་མང་ཚོགས་འདིར་འཚོ་སྡོད་བྱེད་ཀྱི་ཡོད་པས་ང་ཚོས་ཀྱང་ལས་གནས་བརྟན་སྲུང་བྱེད་དགོས”ཞེས་དེར་བཅའ་སྡོད་བྱེད་མཁན་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་འཇིགས་མེད་ལྷུན་གྲུབ་ཀྱིས་བཤད།
          ལེགས་སྐྱེས་ཕུལ་བ་ལས་ལང་ཚོ་གཟི་བརྗིད་ལྡན་པར་གྱུར་པ།
          “ས་ཐག་ཇི་ཙམ་རིང་ཡང་ཚང་མ་མེས་རྒྱལ་གྱི་ས་ཁོངས་རེད། དཀའ་ངལ་ཇི་ལྟར་ཡོད་ཀྱང་སྲུང་མཁན་ཞིག་དགོས། དཀའ་ལས་ཇི་འདྲ་རྒྱག་དགོས་བྱུང་རུང་སྒྲུབ་མཁན་ཞིག་དགོས། དེ་གའི་མང་ཚོགས་ལ་ང་ཚོ་དགོས་མཁོ་ཆེ”ཞེས་པ་འདི་ནི་ཕུ་མ་བྱང་ཐང་དུ་བཅར་འདྲིར་བསྐྱོད་སྐབས་གོ་མང་ཤོས་ཀྱི་སྐད་ཆ་ཞིག་རེད། དེ་གའི་ལས་བྱེད་པ་དང་། དཔོན་དམག དགེ་རྒན། ཤང་གི་སྨན་པ་བཅས་ཚང་མས་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ལང་ཚོ་སྐྱེས་སུ་འབུལ་བཞིན་མཆིས།
          གྲོང་མི་བཀྲ་ཤིས་ཀྱི་བློ་ལ་ད་བར་དོན་འདི་འདྲ་ཞིག་གསལ་པོར་ངེས་ཡོད་པ་སྟེ། 2008ལོའི་ཟླ་10ཚེས་26ཉིན་ཕུ་མ་བྱང་ཐང་དུ་ལོ་མང་མཐོང་དཀོན་པའི་གངས་སྐྱོན་ཚབས་ཆེན་ཕོག་ནས་བཀྲ་ཤིས་དང་གྲོང་མི་གཞན་ལྔ་པོ་གངས་ཕུག་འབྲོག་རར་ལུས་ཤིང་། ཁ་པར་ལ་བརྡ་རྟགས་མེད་པ་མ་ཟད། བཟའ་ཆ་དང་གྱོན་པ་ཐོལ་པའང་མེད་སྟབས་བཀྲ་ཤིས་སོགས་འུ་ཐུག་ཐབས་ཟད་ངང་སྒུག་རྒྱུ་ལས་མ་འདས། གནོད་འཚེ་ཐོན་རྗེས་སྐབས་དེ་དུས་ཀྱི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་ནོར་བུས་དུས་ཐོག་ཏུ་གནོད་འཚེ་ཕོག་ཁུལ་དུ་རྟོག་ཞིབ་ཀྱིས་ཤང་ནང་གནས་སྐབས་བཙུགས་པའི་རོགས་སྐྱོབ་ཡན་ལག་རུ་ཆུང་གི་སྣེ་ཁྲིད་དེ་གངས་ཕུག་ཏུ་བསྐྱོད། རོགས་སྐྱོབ་ཡན་ལག་རུ་ཆུང་གིས་རོགས་སྐྱོབ་ལས་དོན་ལ་འཐུས་ཤོར་ཕྲན་ཙམ་ཡང་མི་ཤོར་བ་བྱས་ཏེ་ལྟོགས་དུས་རྩམ་པ་ཁ་གང་ཟ་བ་དང་སྐོམ་དུས་གངས་བཟས་ནས་ཉིན་ལྔ་ཕྱིན་མཐར་བཀྲ་ཤིས་སོགས་བདེ་འཇགས་ངང་བསྐྱབས་ཐུབ་པ་བྱུང་ཡོད།
          དམངས་ལ་བློ་གཅིག་སེམས་གཅིག་བྱེད་མཁན་ཤང་གི་ལས་བྱེད་པ་ཁོ་ན་ཙམ་མ་ཡིན་པར། 2012ལོའི་ཟླ་3པར་བཙུགས་པའི་མཐའ་སྲུང་མངགས་གཏོང་ཁང་གི་དཔོན་དམག་ཚོས་ཀྱང་ལྷག་བསམ་རྣམ་དག་ངང“འཛམ་གླིང་གི་ཡང་རྩེ”བརྟན་པོར་སྲུང་བཞིན་ཡོད།
          “ང་ཚོ་འབྲུག་ཡུལ་དང་ཐག་ཉེ་པོ་ཡོད་པ་དང་མཐའ་མཚམས་ས་ཐིག་སྤྱི་ལེ་25ཡོད་པས་སྐོར་ཞིབ་བྱེད་དགོས་པའི་ཁར་ས་གནས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་སྟབས་དཔོན་དམག་8ཁོ་ནར་བརྟེན་ཚེ་དངོས་འབྲེལ་དཀའ་ངལ་ཆེན་པོ་འདུག དེར་བརྟེན་ང་ཚོས་ལས་རོགས་ཉེན་རྟོག་པ་6སྐོང་བསྡུ་བྱས་པ་མ་ཟད། མི་30ལྷག་ཡོད་པའི་མཉམ་འགོག་རུ་མི་སྒྲིག་འཛུགས་བྱས་ཏེ་མེས་རྒྱལ་གྱི་མཐའ་མཚམས་སྲུང་ནས་ཡུལ་འདི་གའི་དུས་བདེ་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ཁོར་ཡུག་དཀའ་ཚེགས་ཆེ་བའི་རོགས་སྐྱོབ་ལས་འགན་ཡང་འཁུར་དགོས”ཞེས་སུའོ་ཀྲང་བསོད་ནམས་དར་རྒྱས་ཀྱིས་བཤད།
          ས་བབ་ག་ཚོད་མཐོ་བ་དེ་ཙམ་གྱིས་ཚད་གཞི་ཡང་མཐོ་བ།
          “འབྲོག་པ་ཚོ་བདེ་སྐྱིད་ལྡན་པ་ཡོང་ཆེད་དཀའ་ལས་ཇི་ཙམ་རྒྱག་དགོས་བྱུང་རུང་ང་ཚོས་བཟོད་སྒོམ་བྱེད་ཐུབ”ཅེས་ཤང་གི་ལས་བྱེད་པ་ཚོའི་དཀའ་ངལ་སྐོར་གླེང་སྐབས་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་རིག་འཛིན་རྡོ་རྗེས་དེ་ལྟར་བཤད།
          “ས་བབ་མཐོ་པོ་ཡོད་ནའང་ང་ཚོས་ཕུ་མ་བྱང་ཐང་གི་ལས་བྱེད་པ་ཚོར་རེ་བ་དེ་བས་ནན་པོ་འདོན་གྱི་ཡོད། འདི་གར་ལས་ཀ་བྱེད་པར་ཡོང་བའི་རྐྱེན་གྱིས་རང་ཉིད་ལ་རེ་བ་དམའ་པོ་བཅོལ་མི་རུང་ལ་ལས་བྱེད་པའི་ཚད་གཞིའང་དམའ་རུ་གཏོང་མི་རུང”ཞེས་རྫོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་བསོད་ནམས་སྐལ་བཟང་གིས་བཤད།
          ཤང་ཏང་ཨུད་ཀྱི་ཨུ་ཡོན་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་གིས་ཤང་གི་ལས་བྱེད་པ་ཚང་མས་རང་རྟོགས་ངང་ཏང་གི་སྒྲིག་སྲོལ་གཏན་འབེབས་ཁག་བརྩི་སྲུང་ཞུ་བ་ལས་དམིགས་བསལ་གང་ཡང་མེད། ང་ཚོས་ཉིན་ལྟར་ལས་ཀར་འབྱོར་མིན་གྱི་ལམ་ལུགས་ལག་ལེན་བསྟར་ནས་ཚད་གཞི་ནན་པོ་དང་བླང་བྱ་མཐོ་པོ་འདོན་གྱི་ཡོད་ཅེས་བཤད།
          ཕུ་མ་བྱང་ཐང་ཤང་གི་ལས་བྱེད་པ་རྣམས་མང་ཚོགས་ཚོའི་བློ་གཏད་བཅོལ་ཡུལ་དུ་གྱུར་ཞིང་། ཁོང་ཚོས་སྡུག་བསྲན་དང་བློ་གྲོས་དང་དེ་བཞིན་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་ཐོག་ནས་ས་བབ་མཐོ་ཚད་སྨི་5373ཟིན་པའི་ས་མཐོར་མི་ཚེའི་རིན་ཐང་མངོན་འགྱུར་བྱས་པ་དོན་དངོས་ལས་ར་འཕྲོད་ཐུབ།
          དེ་སྔའི་ཤང་ཀྲང་གཞོན་པ་ས་ཁུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཚེ་རིང་སྒྲོལ་མ་ནི་ཕུ་མ་བྱང་ཐང་ཤང་གི་ལོ་རྒྱུས་ཐོག་གི་བུད་མེད་ལས་བྱེད་པ་གཅིག་པུ་དེ་ཡིན་ཞིང་། 2012ལོར་བུ་བཙའི་ངལ་གསོ་མཇུག་འགྲིལ་མ་ཐག་པའི་ཁོང་གིས་རང་འགུལ་ངང་ཕུ་མ་བྱང་ཐང་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུའི་རེ་བ་བཏོན། ཁོང་གིས“ང་བུད་མེད་ཅིག་གི་ངོས་ནས་ཕུ་མ་བྱང་ཐང་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུ་བྱུང་ན་དེ་ནི་ངའི་ཚེ་གང་གི་ཉམས་མྱོང་རྩ་ཆེན་ཞིག་རེད། སྐབས་དེ་དུས་མི་སེར་ཚོས་ང་བུ་མོ་ཞིག་ཡིན་པ་མཐོང་སྐབས་ངའི་སྐད་ཆར་ཉན་འཇོག་བྱེད་ཀྱི་མི་འདུག དེར་བརྟེན་ངས་དུད་ཚང་རེ་རེར་བསྐྱོད་ནས་བསམ་པ་རྣམ་དག་ངང་མང་ཚོགས་ལ་དཀའ་ངལ་སེལ་རོགས་བྱས་པས་རིམ་བཞིན་མང་ཚོགས་ཚོས་ངར་བརྩི་འཇོག་བྱེད་པ་མ་ཟད། ད་དུང་སྙིང་གཏམ་ཀྱང་ཤོད་ཀྱི་འདུག ང་ས་ཆ་འདི་ནས་ལས་བསྒྱུར་བྱེད་པ་ཤེས་རྗེས་ཤང་གི་མང་ཚོགས་མང་པོས་རང་ཁྱིམ་གྱི་ཤ་སྐམ་པོ་དང་ཕྱུར་བ་སོགས་འཁྱེར་ནས་སྐྱེལ་མ་བྱས་བྱུང”ཞེས་བཤད།
          “ཕུ་མ་བྱང་ཐང་ཤང་གི་ལས་བྱེད་པ་ཚང་མ་དཀའ་སྤྱད་འབད་འཐབ་བྱེད་པའི་མིག་དཔེ་རེད། ཁོང་ཚོས་ལང་ཚོའི་མེ་ལྕེ་ལས‘འཛམ་གླིང་ཡང་རྩེ’སྲུང་བའི་སྤྲོ་སེམས་རབ་ཏུ་འཁོལ་བ་བྱས་ཡོད”ཅེས་ལེགས་སྐྱེས་འབུལ་སྤྲོ་བའི་ཕུ་མ་བྱང་ཐང་གི་ལས་བྱེད་པ་ཡོངས་ལ་བསོད་ནམས་སྐལ་བཟང་གིས་གདེང་འཇོག་དེ་ལྟར་བྱས།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716