སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་ལོ་ཙཱ་བས་ལེགས་སྦྱར་སྐད་བོད་དུ་ཇི་ལྟར་བསྒྱུར་ཚུལ་ལས་བརྩམས་པའི་དཔྱད་པ་འགའི་གནད་བསྡུས།
སྤེལ་དུས། 2015-05-19   ཡོང་ཁུངས། གླེགས་བམ་དྲུག་པ།     རྩོམ་པ་པོ།  ཚེ་ཏན་ཞབས་དྲུང་།

བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་ལེགས་སྦྱར་སྐད་བོད་སྐད་དུ་ཇི་ལྟར་བསྒྱུར་ཚུལ་ལས་བརྩམས་པའི་དཔྱད་པ་འགའ་ཞིག་གི་གནད་བསྡུས།

༄༅།།དང་བོ།  བོད་ཡིག་གི་དབྱངས་གསལ་ལེགས་སྦྱར་གྱི་དབྱངས་གསལ་ལ་བརྟེན་ནས་འདོར་ལེན་བྱས་པའི་སྒོ་ནས་གྲུབ་ཚུལ།   རྒྱ་གར་གྱི་སྐད་རིགས་བཞིའི་ནང་གི་མཆོག་ཏུ་གྱུར་བ་སཾ་སྐྲྀ་ཏ་ཞེས་པ་བསྒྱུར་ན་ལེགས་སྦྱར་ཏེ་ལེགས་སྦྱར་སྐད་ཀྱི་ཡི་གེ་ལ་དབྱངས་གསལ་གཉིས་སུ་ངེས།  དབྱངས་ལ་བཅུ་དྲུག་དང་།  གསལ་བྱེད་ལ་སོ་བཞི་སྟེ་བསྡོམས་ན་ལྔ་བཅུ་ཐམ་པ་ཡོད།    འོན་ཡི་གེ་ལྔ་བཅུ་དེ་ལས་བོད་ཡིག་གསར་བཟོ་མཛད་སྐབས་འདོར་ལེན་ཇི་ལྟར་བྱས་པ་ཡིན་ཞེ་ན།   བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་ཐོན་མི་སམ་བྷོ་ཊས་དབྱངས་བཅུ་དྲུག་ལས་ཨ་ཨི་ཨུ་ཨེ་ཨོ་ལྔ་བླངས་ཏེ་ཨ་ཡིག་ལ་དབྱངས་ཀྱི་མིང་མ་བཏགས་པར་བོད་ཀྱི་གསལ་བྱེད་ཀྱི་གྲས་སུ་བཞག    ཨི་ཨུ་ཨེ་ཨོ་བཞི་ལ་གི་གུ་ཞབས་ཀྱུ་འགྲེང་བུ་རྣ་རུ་ཞེས་མིང་བཏགས་ནས་བོད་ཀྱི་དབྱངས་ལ་བཞི་བོ་དེས་ཆོག་པར་མཛད།   ལེགས་སྦྱར་གྱི་གསལ་བྱེད་སོ་བཞི་ལས་འཐུག་པོ་ལྔ་དང་ལོག་པ་ལྔ།   མཇུག་མཐའི་ཀྵ་ཡིག་སྟེ་བཅུ་གཅིག་བོད་ལ་མི་མཁོ་བས་དོར།   བོད་ལ་མཁོ་ཆེ་བའི་ཡི་གེ་དྲུག་གསར་བཟོ་བྱས་ནས་གསལ་བྱེད་སུམ་ཅུ་ཐམ་པར་ཐག་བཅད།    

གཉིས་པ།  བོད་ཡིག་གསར་བཟོ་ལ་བརྟེན་ནས་མིང་དང་ཚིག་བོད་སྐད་དང་མཐུན་པར་ཇི་ལྟར་སྦྱར་ཚུལ།   གསལ་བྱེད་སུམ་ཅུ་ལ་མིང་གཞི་ཞེས་བྱ་ཞིང་།  དེ་ལ་སྔོན་འཇུག་གི་ཡི་གེ་ལྔ་དང་།   རྗེས་འཇུག་གི་ཡེ་གེ་བཅུ།   མགོ་ཅན་གྱི་ཡི་གེ་གསུམ།    འདོགས་ཅན་གྱི་ཡི་གེ་བཞི།   བརྩེགས་མ་ཅན་གྱི་ཡི་གེ་ལ་ཉིས་བརྩེགས།   སུམ་བརྩེགས།    བཞི་བརྩེགས་ཅན་སོགས་བཟོས་ནས་མིང་ལ་འཇུག་ཏུ་རུང་བའི་ཡིག་གྲངས་སྟོང་ཕྲག་བརྒྱད་ཙམ་ཡོད་དོ།   །དེ་འདྲའི་ཡི་གེ་ལ་མིང་གཞི་སྔོན་འཇུག་རྗེས་འཇུག་མགོ་འདོགས་ཀྱི་རྣམ་གཞག་ཆ་ཚང་བ་ཞིག་བཟོས་པ་ལ་བརྟེན་ནས་བོད་རང་གི་སྐད་བརྡ་དང་མཐུན་པའི་མིང་དང་ཚིག་ཇི་ལྟར་གྲུབ་པ་ཡིན་ཞེ་ན།   མིང་ལ་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་ལས།   དང་བོ་ནི་སྒྲའི་ངེས་ཚིག་བཤད་དུ་མེད་པ་དཔེར་ན་ས་ཆུ་མེ་རླུང་ཞེས་པ་ལྟ་བུ་སེམས་ཀྱི་འདོད་པ་ལ་རྒྱལ་ཁ་བྱིན་ནས་མིང་དུ་བཏགས་པ་ལྟ་བུ་དང་།   རྗེས་གྲུབ་ཀྱི་མིང་ནི་ཇ་འཐུང་སྤྱད་དཀར་ཡོལ་ཞེས་པ་རྡོ་དཀར་གོང་ལས་བཟོས་པའི་ཡོག་གི་ཡིན་པས་ན་མིང་གདགས་གཞིའི་དངོས་པོ་དེ་གྲུབ་པའི་རྗེས་སུ་ངེས་ཚིག་བཤད་དུ་ཡོད་པའི་སྒོ་ནས་དཀར་ཡོལ་ཞེས་བཏགས་པ་ལྟ་བུའོ།   །དེ་འདྲའི་མིང་དུ་མ་ལྷན་ཅིག་ཏུ་འདུས་པ་ལས་ཚིག་ཏུ་གྲུབ་པའི་ཚུལ་ནི་དགྲ་མ་ཡོང་གོང་གི་དོགས།   ཆུ་མ་ཡོང་གོང་གི་རག   ཅེས་པ་ལྟ་བུའི་ཁ་དཔེ་དང་།   ཡོན་ཏན་མེད་པའི་ཁ་དེ་ནི།   །ས་ཡི་བུ་ག་དག་དང་མཚུངས།   །ཞེས་པ་ལྟ་བུའི་ལེགས་བཤད་དང་།   ལྷག་བསམ་རྣམ་དག་བྱ་ལམ་ཡངས་པའི་གཞིར།   །སྡེབ་ལེགས་ཚིག་གི་རྒྱུ་སྐར་ཕྲེང་བཀོད་ནས།   །འོད་དཀར་ཅན་ཁྱོད་བདག་གིས་མཛེས་པར་བྱ།    །བདག་བློའི་ཀུ་མུད་ཁྱོད་ཀྱིས་རྒྱས་པར་མཛོད།   ཅེས་པ་ལྟ་བུའི་སྙན་ངག་གི་ཚིག་རྣམས་གང་འདོད་དུ་འབྱུང་བ་ཡིན་ནོ།། 

གསུམ་པ། བསྒྱུར་བའི་ཚུལ་ལ་དོན་བསྒྱུར།   ཐད་བསྒྱུར།   རང་སོར་བཞག་པ་གསུམ་གྱི་ཁྱད་པར་བྱུང་ཚུལ།   དང་བོ་དོན་བསྒྱུར་ནི།   ལེགས་སྦྱར་སྐད་ཀྱི་དོན་དང་མཐུན་པར་བོད་སྐད་དུའང་དོན་དེ་གསལ་བར་རྟོགས་ཐུབ་པའི་མིང་དུ་བསྒྱུར་བ་སྟེ།   པཱ་ར་མི་ཏ་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བསྒྱུར་བ་ལྟ་བུའོ།  །གཉིས་པ་ཐད་བསྒྱུར་ནི།    ལེགས་སྦྱར་གྱི་ཡིག་གཟུགས་རེ་རེས་དོན་ཅི་སྟོན་བོད་ལའང་དེ་དང་མཐུན་པར་ཐད་ཀ་ཐད་སོར་བསྒྱུར་བ་སྟེ།    པྲ་རྫྙཱ་ཞེས་པ་ཤེས་རབ་ཏུ་བསྒྱུར་བ་ལྟ་བུའོ།   །གསུམ་པ་ལེགས་སྦྱར་སྐད་བསྒྱུར་ན་འགངས་མི་ཆེ་བའི་སྐོར་རང་སོར་བཞག་པའི་ཚུལ་ལ་གཉིས་ལས།   དང་བོ་ཡིག་གཟུགས་ཅུང་ཟད་ཀྱང་མ་འགྱུར་བར་ཐད་སོར་བཞག་པའི་སྐོར་དཔེར་ན་ཆུ་ལས་སྐྱེས་པའི་མེ་ཏོག་པདྨ།   དྲི་ཞིམ་གྱི་ངད་ལྡང་བའི་ཙནྡན།   གླང་ཆེན་ཁར་འབབ་ཀྱི་ཆུ་ཀླུང་ཆེན་པོ་གངྒཱ་ཞེས་པ་ལྟ་བུ་རྣམས་སོ། །གཉིས་པ་བོད་ཀྱི་ཁ་ལ་བདེ་ཆེད་ཡིག་གཟུགས་ཅུང་ཟད་རེ་འགྱུར་བ་བྱུང་བའི་སྐོར་ལེགས་སྦྱར་གྱི་ཀཏྥུར་ཞེས་པ་ལ་ག་བུར་ཞེས་ཡིག་གཟུགས་འགྱུར་བ་དང་།    སིདྷ་ཞེས་པའི་སེང་གེ་ཞེས་འགྱུར་བ་དང་།   པུ་སྟི་ཀ་ཞེས་པ་པོ་ཏི་ཞེས་འགྱུར་བ་ལྟ་བུ་སྟེ་འདི་འདྲ་བ་ཤིན་ཏུ་མང་ངོ་།    

མདོར་ན་ད་ལྟ་བོད་ན་ཡོད་པའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་རྣམས་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་བསྒྱུར་བའི་སྐབས་སུ་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ཐུགས་གཞིག་ཟབ་ཅིང་ཞིབ་པ་མཛད་ནས་དོན་བསྒྱུར་དང་།    ཐད་བསྒྱུར་དང་།    ཡིག་གཟུགས་རང་སོར་འཇོག་པ་གསུམ་གང་ལ་གང་འཚམ་དུ་བསྒྱུར་ནས་བཀའ་བསྟན་གྱི་སྙིང་བོ་སྡེ་སྣོད་གསུམ་དང་།    ཐུན་མོང་བའི་རིག་གནས་མཐའ་དག་ལ་འཆད་ཉན་གྱི་སྲོལ་ལེགས་པར་བཏོད་ནས་ད་ལྟའི་བར་དུ་དེའི་རྒྱུན་མ་ཉམས་པར་རྨོངས་བློའི་མུན་པ་བསལ་ནས་བླང་དོར་ཚུལ་བཞིན་དུ་འབྱེད་ཤེས་པའི་ཤེས་རབ་ཀྱི་ཉི་འོད་ས་སྟེང་ལ་འཕྲོ་རྒྱུ་ཡོད་པ་འདི་ནི་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་བདག་ཅག་རྗེས་སུ་འཇུག་པ་རྣམས་ཀྱིས་བཀའ་དྲིན་དེ་ནམ་ཡང་བརྗེད་པ་མེད་པའི་ངང་ནས་དེ་དག་གི་རྗེས་སུ་བསླབ་པ་ལ་བརྩོན་པ་རྒྱ་ཆེར་བསྟེན་པར་རིགས་སོ། ། 

༡༩༨༢ལོའི་ཟླ་༡༢པའི་ཚེས༢༣ལ་བྲིས། 

རྩོམ་འགན་པ། སྒྲོལ་ཚེ།)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060