སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྒྱལ་གཉེར་ཁེ་ལས ༥༥ ཡི་སྙན་ཞུར་ཉན།
སྤེལ་དུས། 2015-11-24   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཚེ་དོན།
  ཞིན་ཧྭ་གསར་ཁང་གིས་ཕྱི་ཟླ་ ༡༡ པའི་ཚེས་ ༢༣ ཉིན་པེ་ཅིང་ནས་བཏང་བའི་གནས་ཚུལ་ལྟར་ན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཕྱི་ཟླ  ༡༡ པའི་ཚེས ༢༣ ཉིན་ཚོགས་འདུ་འཚོགས་ཏེ། ཆབ་སྲིད་གྲོས་མོལ་བརྒྱུད་ནས་དབུལ་ཕོངས་ལས་ཅི་ལྟར་སྒྲོལ་བའི་སྐོར་གྱི་ཐག་གཅོད་དང་། རྒྱལ་ཁབ་ཀྱི་རྣམ་པ་གསར་བའི་འོག་ཏང་གི་སློབ་གྲྭའི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་བསམ་ཚུལ་ལ་གྲོས་འཆམ་བྱུང་སྟེ། རང་རྒྱལ་ཀྱི་གལ་ཆེའི་རྐང་འཛིན་ཁེ་ལས ༥༥ དང་འབྲེལ་བ་ཡོད་པའི་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་ཕུལ་ཡོད་འདུག  ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་ལ་མགོ་འཛིན་མཛད་པ་རེད།

  ཚོགས་འདུ་ལས་བསྟན་དོན། དབུལ་སྐྱོར་གྱི་ལས་དོན་སྒྲུབ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་དམངས་ལ་བདེ་སྐྱིད་སྐྲུན་པ། ཏང་གི་སྲིད་སྐྱོང་བྱ་བ་སྲ་བརྟན་དུ་གཏོང་བའི་རྨང་གཞི་དང་། རྒྱལ་ཁབ་ཀྱི་ཡུན་རིང་གི་བདེ་འཇགས་བཅས་ལ་འབྲེལ་བ་དམ་ཟབ་ཡོད། རང་རྒྱལ་གྱིས་དབུལ་སྐྱོར་བྱ་བ་སྒྲུབ་སྟེ་དུས་རིམ་ངེས་ཅན་ཞིག་ཏུ་སླེབས་ཡོད་ལ། དབུལ་ཐར་གྱི་ལས་དོན་སྒྲུབ་པ་ནི་དམངས་ཡོངས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པར་སྐུལ་སྤེལ་དང་། རིམ་བཞིན་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པ་མངོན་འགྱུར་ཡོང་བའི་བྱེད་སྟངས་གལ་ཆེན་ཞིག་ཡིན་པར་མ་ཟད། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་ལྡན་རྣམ་པའི་འོག་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་དང་དཔལ་འབྱོར་འཕར་སྣོན་འབྱུང་བའི་ཐབས་ལམ་འགངས་ཆེན་ཞིག་ཀྱང་ཡིན་པས། རིམ་པ་སོ་སོའི་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྐྱོར་གྱི་ལས་དོན་སྒྲུབ་པ་ནི་ཆབ་སྲིད་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་རྩིས་ཏེ། ནན་ཏན་གྱིས་འགན་ཁུར་འདུ་ཤེས་དང་། ལས་འགན་འདུ་ཤེས། མཁོ་གནད་ཆེ་བའི་འདུ་ཤེས་སོགས་ཇེ་དྲག་ཏུ་བཏང་ནས། ༢༠༢༠ ལོར་རང་རྒྱལ་གྱི་ད་ལྟའི་ཚད་གཞིའི་འོག་གི་དབུལ་ཕོངས་ཞིང་སྡེའི་མི་གྲངས་རྣམས་དབུལ་ཕོངས་ལས་ཐར་བར་བྱས་ཏེ་ས་ཁུལ་རང་བཞིན་གྱི་དབུལ་ཕོངས་གནས་ཚུལ་ཐག་གཅོད་བྱེད་དགོས།

  ཚོགས་འདུ་ལས་ནན་གྱིས་བསྟན་དོན་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་སྐབས་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་སྟེ། ཏིང་ཞའོ་ཕིང་གི་རིག་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ། ཚན་རིག་གི་འཕེལ་རྒྱས་ལྟ་བས་ཕྱོགས་སྟོན་མཛད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གཏམ་བཤད་ཁག་གི་དགོངས་དོན་ལ་གཏིང་ཟབ་སྒོས་སློབ་སྦྱོང་བྱེད་པ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ཟེར། ད་དུང་ཁ་ཕྱོགས་ཆེན་པོ་གསུམ་གྱི་འཐབ་ཇུས་རེ་བ་ལྟར། གསར་གཏོད་དང་མཐུན་སྦྱོར། བདེ་ཐང་། ཚོད་འཛིན་མི་བྱེད་པ། མཉམ་སྤྱོད་ཀྱི་འཕེལ་རྒྱས་ལྟ་བ་དོན་འཁྱོལ་མཐར་ཕྱིན་དང་། ཆབ་སྲིད་ལམ་ལུགས་ཀྱི་གནས་བབས་ལེགས་པོ་བེད་སྤྱོད་གང་ལེགས་བྱས་ཏེ་སྤུས་ཀ་དང་ཚད་གཞི་ལྡན་པ། རོགས་སྐྱོར་བཅས་དབུལ་སྐྱོར་གྱི་རྩ་བའི་ཐབས་ཇུས་སུ་བཟུང་ནས་གསར་གཏོད་དང་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་གཉིས་ཀྱིས་ཕན་ཚུན་ལ་སྐུལ་སྤེལ་བྱེད་དགོས། སྤུས་ཀ་དང་ཚད་གཞི་ལྡན་པའི་རོགས་སྐྱོར་བྱ་བ་དེ་དཀའ་ཁག་ཡོད་པའི་དམིགས་བསལ་ས་ཁུལ་ཏུ་ལག་བསྟར་བྱེད་པ་བཅས། དབུལ་སྐྱོར་བྱེད་ཐབས་གསར་གཏོད་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་གཉིས་མཉམ་སྐྱོད་བྱེད་དགོས། དེར་མ་ཟད་སྤྱི་ཚོགས་འགན་ལེན་དང་དབུལ་སྐྱོར་གསར་གཏོད་གཉིས་ཕན་ཚུན་སྦྲེལ་མཐུད་བྱས་ཏེ་བག་ཡངས་སུ་གཏན་ནས་མི་གཏོང་བར་ཐབས་ཇུས་གང་ལེགས་བཏོན་ཏེ་དབུལ་ཕོངས་ལས་ཐར་ཐབས་བྱེད་དགོས་ཟེར།

  ཚོགས་འདུའི་རེ་བ་ལྟར་ན། ༢༠༢༠ ལོར་ཐོན་དུས་སུ་ཐོན་ལས་ལ་རྒྱབ་སྐྱོར་དང་ལས་ཞུགས་བརྗེ་བསྒྱུར། ས་ཁུལ་གཞན་ནས་ཁྱིམ་སྤོར་བ་དང་སློབ་གསོའི་རྒྱབ་སྐྱོར། སྨན་བཅོས་འཕྲོད་བསྟེན་གྱི་རོགས་རམ་ལ་སོགས་པའི་བྱ་ཐབས་བརྒྱུད་ནས་དབུལ་ཕོངས་མི་སྣ་ཁྲི་ ༥༠༠༠ ལྷག་དབུལ་ཕོངས་ལས་ཐར་དུ་འཇུག་དགོས་པ་དང་། ཕྱོགས་ཡོངས་ནས་ངལ་རྩོལ་གྱི་ནུས་ཤུགས་ཉམས་ཟིན་པའི་མི་སྣ་ཁྱོན་བསྡོམས་ཁྲི་ ༢༠༠༠ ལྷག་ཡོད་པ་མཐའ་དག་ཆེས་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་ཀྱི་ཁྱབ་ཁོངས་སུ་བཞག་ནས་རང་རྒྱལ་གྱི་དབུལ་ཕོངས་གནད་དོན་ཕྱོགས་ཡོངས་ནས་སེལ་ཐབས་བྱ་དགོས། དབུལ་ཕོངས་ས་ཆའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཤུགས་ཇེ་ཆེར་གཏོང་བ་དང་། འཕེལ་རྒྱས་ལ་བཀག་འགོག་བྱེད་པ་མཐའ་དག་ལས་རིང་དུ་བརྒལ་ནས་དབུལ་ཕོངས་ཀྱི་གནད་དོན་གཏིང་ཟབ་ས་ནས་སེལ་དགོས། དམར་དམག་གི་རྟེན་གཞི་གཙོ་གྲས་ཀྱི་ས་ཁུལ་དང་མི་རིགས་རང་སྐྱོང་གི་ས་ཁུལ། ལྗོངས་སོ་སོ་དང་མཐའ་འཁོབ་ས་ཁུལ་གྱི་དབུལ་ཕོངས་གནད་དོན་ཐག་གཅོད་བྱས་ཏེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཁག་ཐེག་བྱས་ནས་དབུལ་ཕོངས་ས་ཁུལ་ལ་མ་དངུལ་གཏོང་ཚད་ཤུགས་ཇེ་ཆེར་བཏང་སྟེ་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་འབད་བརྩོན་བྱ་དགོས། དེ་ལས་གཞན་ད་དུང་དངུལ་རྩའི་ཐད་ནས་དབུལ་ཕོངས་ལ་རྒྱབ་སྐྱོར་གྱི་ཤུགས་ཇེ་ཆེར་གཏོང་དགོས་པར་མ་ཟད་དངུལ་རྩའི་ལས་རིགས་དང་ལས་ཁུངས་སྣ་ཚོགས་ཀྱིས་དབུལ་ཕོངས་ལ་རོགས་རམ་དང་རྒྱབ་སྐྱོར་གྱི་བྱ་གཞག་གོང་འཕེལ་དུ་གཏོང་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་མཐའ་དག་བཀོལ་ནས་མཉམ་དུ་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་ཐད་དུ་ནུས་ཤུགས་འདོན་དགོས་པར་མ་ཟད། དབུལ་སྐྱོར་ཕོངས་སེལ་གྱི་ལས་ཁུངས་དང་དབུལ་སྐྱོར་གྱི་ལས་དོན་ཇེ་ཆེར་བཏང་ནས་དབུལ་ཕོངས་ས་ཆའི་རྒྱ་ཆེའི་ལས་བྱེད་པ་རྣམས་དང་ལྷན་དུ་རང་རྒྱལ་གྱི་དབུལ་ཕོངས་གནད་དོན་ཕྱོགས་ཡོངས་ནས་སེལ་རྒྱུར་འབད་རྩོན་བྱེད་དགོས་སོ།།

  ཚོགས་འདུ་ལས་ནན་གྱིས་བསྟན་དོན། ངེས་པར་དུ་ཏང་གི་མགོ་ཁྲིད་སྲ་བརྟན་དང་། དབུལ་ཕོངས་ལས་ཐར་ཐབས་བྱེད་པར་ཆབ་སྲིད་ཀྱིས་འགན་ལེན་བྱེད་དགོས། ཀྲུང་དབྱང་གི་གཅིག་གྱུར་འཆར་འགོད་ཁྲོད་ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བ་དང་། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་གྱི་མགོ་ཁྲིད་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་སྡེ་བ་དང་ཁྱིམ་ཚང་སོ་སོར་བྱ་བའི་སྒྲིག་འཛུགས་གིས་ཁེབས་པར་བྱེད་དགོས།  རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།ལྷག་པར་དུ་དབུལ་ཕོངས་ས་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་རིམ་པ་བཞིན་དུ་དབུལ་སེལ་གྱི་བྱ་བ་ལག་ལེན་མཐའ་འཁྱོལ་བྱེད་དགོས། ཀྲུང་དབྱང་གི་ལས་ཁུངས་དག་གིས་ངེས་པར་དུ་གོམ་སྟབས་མཉམ་སྐྱོད་གྱིས་བྱ་བའི་ཐབས་ཇུས་འཐེན་པ་དང་ལས་ཀ་འགྲུབ་པར་བྱས་སྟེ་གཟབ་ནན་གྱིས་དཔྱད་ཞིབ་དང་འདྲི་རྩད་བྱས་ནས་ཀྲུང་དབྱང་གི་དབུལ་སྐྱོབ་བྱ་བའི་སྲིད་ཇུས་དེ་མཐར་ཕྱིན་ཡོང་བར་ཁག་ཐེག་བྱེད་དགོས།  ད་དུང་ནོར་སྲིད་ལ་རྟོག་ཞིབ་དང་རྩིས་བཤེར་བྱེད་པར་ཡང་ཤུགས་བསྣན་ཏེ་དབུལ་སྐྱོབ་མ་དངུལ་སྒྲིག་ལམ་དང་འགལ་ཏེ་བཀོལ་སྤྱོད་བྱེད་པར་རྩད་གཅོད་བྱེད་པའི་སྒྲིག་ལམ་བཙུགས་སྟེ་མ་དངུལ་གང་འདོད་དུ་བཀོལ་དང་སྒེར་འཛིན་བྱེད་པ་། ཆུད་ཟོས་སུ་གཏོང་བ་སོགས་ཀྱི་གནད་དོན་མི་འབྱུང་བར་བྱ་དགོས།

  ཚོགས་འདུ་ལས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས་ན་གཙོ་བོ་ཏང་གིས་རྒྱུ་སྤུས་མཐོ་ལ་འགན་ཁུར་ཡོངས་འགྲུབ་བྱེད་ཐུབ་པའི་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས། ཏང་གི་སློབ་གྲྭས་ལས་བྱེད་པའི་སྤུས་ཚད་མཐོར་འདེགས་གཏོང་བར་ནུས་པ་གལ་ཆེན་བཏོན་ཏེ་ཏང་གི་སློབ་གྲྭའི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས། དེ་ལས་ཀྱང་གལ་ཆེ་བ་ནི་ཏང་རུས་རྩ་འཛིན་དེ་ཏང་གི་སློབ་གྲྭའི་བྱ་བ་སོ་སོའི་ཁྟོད་དོན་འཁྱོལ་ཡོང་བ་བྱེད་དགོས ལྷག་པར་དུ་ཏང་གི་གཞུང་ལུགས་སློབ་གསོ་དང་ཏང་གི་རང་བཞིན་ལྡན་པའི་སློབ་གསོའི་ལས་ཀ་འདི་གཉིས་གཙོ་བོར་བཟུང་ཏེ་སློབ་གསོའི་ཆུ་ཚད་མཐོར་འདེགས་གཏོང་དགོས། དེ་ལས་གཞན་ལས་བྱེད་མགོ་ཁྲིད་དང་ལས་བྱེད་པ་དག་ཏང་གི་སློབ་གྲྭར་སོང་སྟེ་སློབ་ཁྲིད་བྱེད་པར་སྐུལ་འདེད་བྱས་ནས་འཐུས་ཚང་བའི་ཏང་གི་སློབ་གྲྭའི་ལམ་ལུགས་འཛུགས་སྐྲུན་བྱེད་དགོས།

  ཚོགས་འདུའི་རེ་བར་རིམ་པ་སོ་སོའི་ཏང་ཨུ་ཡིས་ཏང་གི་སློབ་གྲྭ་སྒྲུབ་པར་ནུས་པ་གཙོ་བོ་འདོན་དགོས་ལ་ཏང་གི་སློབ་གྲྭའི་བྱ་བ་ནི་ཕྱོགས་ཡོངས་ནས་ཏང་ལེགས་བཅོས་གཏོང་བར་ཐབས་ཇུས་འདིང་རྒྱུ་དེ་ཡིན་པས་ཏང་འཛུགས་སྐྲུན་གྱི་འཕེལ་རྒྱས་ཁྲོད་བྱུང་བའི་གནད་དོན་ལ་ཞིབ་འཇུག་བྱས་ཏེ་ཏང་གི་སློབ་གྲྭའི་དཀའ་ཁག་སེལ་བར་རོགས་རམ་བྱས་ཏེ་རྣམ་པ་གསར་བའི་ཏང་གི་སློབ་གྲྭ་ཞིག་འཛུགས་སྐྲུན་བྱེད་དགོས།

  ཚོགས་འདུ་ལས་བསྟན་དོན། ཏང་གི་མགོ་ཁྲིད་འོག་བྱ་བའི་བྱེད་ཕྱོགས་དེ་ཡང་ཕྱོགས་ཡོངས་ནས་ཏང་ལེགས་བཅོས་བྱེད་པ་དང་། གནད་དོན་འདོན་པ། འཕེལ་རྒྱས་ཀྱི་ཕྱོགས་སུ་སྐུལ་འདེད་བྱེད་པ་སོགས་སུ་གཏན་འཁེལ་གནང་འདུག ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ཆད་དུ་ཀྲུང་དབྱང་གིས་ས་གནས་དང་ལས་ཁུངས་ ༡༤༩ ལ་ལྟ་ཞིབ་བྱས་སྟེ་བྱ་བའི་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་རེད།

  ཚོགས་ཐོག་ཏུ། ཏང་བཅོས་སྐྱོང་བྱེད་དགོས་ན་ཆེས་རྩ་བ་ནི་ཏང་ཨུའི་ཡིན་ལ། ཆེས་འགག་རྩའི་ལས་སྣེ་ཁུར་ཡོད་པ་དེ་དག་ཡིན། རིམ་པ་སོ་སོའི་འགོ་ཁྲིད་ལས་སྣེ་དག་གིས་ཕྱོགས་ཡོངས་ནས་གཟབ་ནན་སྒོས་ཏང་ལ་བཅོས་སྐྱོང་བྱེད་དགོས་པའི་རྩ་བའི་འགན་འཁུར་དེ་ཕྲག་ཏུ་ལེན་དགོས་ལ། རིམ་པ་སོ་སོའི་འགོ་ཁྲིད་ལས་སྣེ་དག་གིས་ཏང་ལ་བདག་དོམ་བྱེད་ཐུབ་པ་དང་། གཟབ་ནན་སྒོས་ཏང་ལ་བཅོས་སྐྱོང་བྱ་དགོས་པར་མ་ཟད་དུས་ཡུན་རིང་པོའི་ནང་དུ་ཏང་སྐྱོང་གི་བྱ་བར་ཐུགས་ཁུར་ཆེ་བཞེས་བྱ་དགོས་ལ། ཏང་གི་བྱ་བ་དང་ལས་སྣ་མཐའ་དག་ལ་འགལ་མཛོལ་མེད་པ་ཞིག་བྱ་དགོས་པར་མ་ཟད། གཟབ་ནན་སྒོས་ཏང་བཅོས་བསྒྱུར་གྱི་ལམ་བུའི་ནང་དུ་ཁྲིམས་ལུགས་དང་མཐུན་པའི་སྒྲིག་ཁྲིམས་གསར་འཛུགས་ཀྱི་ལས་ཀ་དམིགས་སུ་འཛིན་དགོས། ཏང་གི་རྩ་འཛིན་ལ་གུས་བརྩི་བྱ་དགོས་པར་མ་ཟད་ཏང་གི་སྒྲིག་ཁྲིམས་བརྩི་འཇོག ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་དོན་སོགས་ལ་ནན་སྲུང་བྱེད་དགོས། ཏང་ལ་བློ་དཀར་གཞུང་དྲང་དགོས་པ་ནི་ཆེས་མ་མཐའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཡིན་པ་དང་། ཏང་ལ་བདག་དོམ་ཏང་ལ་བཅོས་སྐྱོང་བྱེད་པའི་འགན་འཁུར་ནི་ཆེས་རྩ་བའི་འགན་ཁུར་ཡིན་ལ། ཏང་གི་སྒྲིག་ཁྲིམས་ལ་སྲུང་བརྩི་བྱ་རྒྱུ་ནི་ཆེས་རྩ་བའི་ཆབ་སྲིད་ཀྱི་བླང་བྱ་ཡིན་ནོ།།

  ཚོགས་ཐོག་ཏུ་བསྟན་དོན་ལྟར་ན། ཕྱོགས་ཡོངས་ནས་གཏིང་ཟབ་མོའི་སྒོ་ནས་བཅོས་བསྒྱུར་བྱེད་དགོས་པ་ནི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་འཕེལ་རྒྱས་ཀྱི་རྩ་བའི་ལམ་ཕྱོགས་ཡིན་པ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་ནི་རྒྱལ་ཁབ་དབང་བའི་ཁེ་ལས་ལ་གཏིང་ཟབ་མོའི་སྒོ་ནས་བཅོས་བསྒྱུར་བྱེད་སྐབས་ཀྱི་ཆེས་ཡང་དག་པའི་ཁ་ཕྱོགས་དང་རྩ་བའི་ཁག་ཐེག་ཡིན། ད་ལྟའི་གྲུབ་འབྲས་ལ་ཡང་དག་པའི་སྒོ་ནས་ཉམས་ཞིབ་བྱས་པ་བརྒྱུད་ཏང་གི་སྐབས་ཐེངས་བཅོ་བརྒྱད་པའི་ཚངས་འཛོམས་གྲོས་ཚོགས་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་སྐབས་སུ་བཏོན་པའི་བཅོས་བསྒྱུར་གྱི་རེ་བ་རྣམས་ཕྱོགས་ཡོངས་ནས་འགྲུབ་དགོས། གྲུབ་འབྲས་ཀྱི་ཁ་ཕྱོགས་དང་གནད་དོན་གྱི་ཁ་ཕྱོགས་གཉིས་གཞི་གཅིག་ཏུ་འབྲེལ་བར་བྱས་ནས་དེང་སྐབས་ཀྱི་ལམ་ལུགས་དང་མ་ལག་གི་གནད་དོན་ཐད་ཀྱི་མི་ལེགས་པའི་ཕྱོགས་དང་སྐྱོན་ཆ་དག་བཅོས་བསྒྱུར་བྱས་ནས་རང་རྒྱལ་གྱི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་དག་གི་འཕེལ་རྒྱས་ལ་སྒུལ་ཤུགས་སྟེར་དགོས། 

  ཁ་བྱང་ཕྱི་མོ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྒྱལ་གཉེར་ཁེ་ལས ༥༥ ཡི་སྙན་ཞུར་ཉན།
(རྩོམ་འགན་པ། དབང་འདུས།)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070