སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཞིས་ཅིན་ཕིང་གི་ཕ་རི་སིའི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་འགོ་ཚུགས་མཛད་སྒོའི་སྟེང་གི་གསུང་བཤད།
སྤེལ་དུས། 2015-12-02   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ལྕགས་མོ་བྱམས།
  ཞིན་ཧྭ་གསར་འགྱུར་ཁང་གིས་ཕ་རི་སི་ནས་ཟླ ༡༡ པའི་ཚེས ༣༠ ཉིན་བསྒྲགས་དོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཚེས ༣༠ ཉིན་ཕ་རི་སིའི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་ཤིང་། དེ་མ་ཟད་ཁ་བྱང་ལ《ལག་གདང་སྦྲེལ་ནས་མཉམ་ལས་མཉམ་རྒྱལ་དང་འདྲ་མཉམ་ལུགས་མཐུན་གྱི་ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་ལམ་ལུགས་འཛུགས་སྐྲུན་བྱེད》ཅེས་པའི་གསུང་བཤད་གལ་ཆེན་གནང་། 
 
ལག་གདང་སྦྲེལ་ནས་མཉམ་ལས་མཉམ་རྒྱལ་དང་འདྲ་མཉམ་ལུགས་མཐུན་གྱི་ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་ལམ་ལུགས་འཛུགས་སྐྲུན་བྱེད།

--ཕ་རི་སིའི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་སྟེང་གི་གསུང་བཤད།
  ༢༠༡༥ ལོའི་ཟླ ༡༡ པའི་ཚེས ༣༠ ཉིན། ཕ་རི་སི།
  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ནས།
  གུས་པར་འོས་པའི་ཙུང་ཐུང་ཨོ་ལང་ཏི་ལགས། 
  གུས་པར་འོས་པའི་ལས་གྲོགས་ལྷན་རྒྱས། 
  སྲས་མོ་དང་སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ། 

  དེ་རིང་། ང་ཚོ་ཕ་རི་སི་ནས་མཉམ་འཛོམས་བྱུང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕ་རི་སིའི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས། འདིས་འཇིགས་སྐུལ་རིང་ལུགས་པས་མིའི་རིགས་ཀུན་གྱིས་ནམ་ཟླའི་འགྱུར་ལྡོག་ལ་བཅོས་སྐྱོང་དང་མཛེས་སྡུག་ལྡན་པའི་མ་འོངས་པ་འཚོལ་སྙེག་བྱེད་པར་བཀག་འགོག་བྱེད་མི་ཐུབ་པ་བསྟན་ཡོད།  གོ་སྐབས་འདིར་བརྟེན་ནས། ངས་ཧྥ་རན་སིའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་བྱེད་འདོད་ལ། དེ་དང་ཆབས་ཅིག་ཙུང་ཐུང་ཨོ་ལང་ཏི་དང་ཧྥ་རན་སིའི་སྲིད་གཞུང་གིས་ཐེངས་འདིའི་ཚོགས་ཆེན་སྤེལ་བར་གྲ་སྒྲིག་གང་ལེགས་བགྱིས་པར་ཐུགས་རྗེ་ཆེ་ཞུ། 
  《མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླ་འགྱུར་བའི་གཞི་སྒྲོམ་གྱི་སྤྱི་གན》གྱིས་ནུས་པ་ཐོན་ནས་ལོ་ངོ ༢༠ ལྷག་འགོར་བའི་རིང་། ཕྱོགས་སོ་སོའི་ཐུན་མོང་གི་ཧུར་བརྩོན་འོག་གོ་ལ་ཧྲིལ་བོས་ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་གི་བྱ་བར་ཧུར་ཐག་གོང་འཕེལ་གྱི་འབྲས་བུ་བླངས་ཡོད། ཡིན་ནའང་དཀའ་ཁག་དང་འགྲན་རྩོད་ཇི་སྙེད་ཅིག་སྔར་བཞིན་མིག་མདུན་དུ་ལྷག་འདུག  ཕ་རི་སིའི་ཚོགས་ཆེན་ནི་སྤྱི་གན་ལག་བསྟར་བྱ་ཆེད་ཚོགས་པ་ཡིན་ཏེ། ནམ་ཟླའི་འགྱུར་ལྡོག་ཐད་ཕྱོགས་ཡོངས་དང་དོ་མཉམ་ཡིན་པ། ནུས་ཤུགས་ལྡན་པ། ལུགས་དང་མཐུན་པ། ཚོད་འཛིན་ཐུབ་པ་བཅས་ཀྱི་ཁྱད་ཆོས་ཚང་བའི་གྲོས་མཐུན་བྱུང་བའི་ཁར། གོ་ལ་ཧྲིལ་བོས་ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་བྱེད་པར་འདྲ་མཉམ་དང་ལུགས་མཐུན། ནུས་ལྡན་གྱི་ཇུས་གཞི་བཏོན་ནས། མིའི་རིགས་མུ་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་དང་བཅོས་སྐྱོང་མ་དཔེ་འཚོལ་ཞིབ་བྱ་དགོས། ཧྥ་རན་སིའི་རྩོམ་པ་པོ་ཡོའུ་གོ་ཡིས།“ཆོད་སེམས་ཆེན་པོས་ཤེས་རྟོགས་མཐོན་པོ་བསྐྱེད”ཅེས་བརྗོད་པ་ནང་བཞིན། ཕྱོགས་སོ་སོས་ལྷག་བསམ་རྣམ་དག་དང་ཡིད་ཆེས་བརྟན་པོས་སེམས་ཤུགས་གཅིག་སྒྲིལ་བྱས་ཚེ། ད་གཟོད་ཕ་རི་སིའི་ཚོགས་ཆེན་ལ་ཡིད་ཚིམ་པའི་གྲུབ་འབྲས་ཤིག་ཐོབ་ངེས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་བ་ཆེན་མོ་སྟོང་ཟད་དུ་མི་གཏོང་བར་ཡིད་ཆེས་ཡོད། 

  གུས་པར་འོས་པའི་ལས་གྲོགས་ལྷན་རྒྱས། སྲས་མོ་དང་སྐུ་ཞབས་རྣམ་པ།
  གྲུབ་འབྲས་ཐོབ་པའི་རྒྱལ་སྤྱིའི་གྲོས་མཐུན་ཅིག་གིས་སྐབས་འདི་དུས་ཀྱི་འགལ་ཟླ་ཐག་གཅོད་དགོས་ཤིང་། མ་འོངས་པར་ལྷག་ཏུ་སྣེ་སྟོན་བྱེད་དགོས། ཕ་རི་སིའི་གྲོས་མཐུན་གྱིས་གོ་ལ་ཧྲིལ་བོས ༢༠༢༠ ལོའི་རྗེས་སུ་ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་གི་བྱ་བར་ཤུགས་རྒྱག་རྒྱུ་དེ་གནད་ཆེ་སར་བཟུང་འོས་ལ། གོ་ལ་ཧྲིལ་བོས་མུ་མཐུད་འཕེལ་རྒྱས་སྔར་ལས་ལྷག་པར་མངོན་འགྱུར་བྱུང་བར་སྐུལ་འདེད་བྱ་རྒྱུར་སྒུལ་ཤུགས་ཀྱང་བསྩོལ་དགོས། 
  --ཕ་རི་སིའི་གྲོས་མཐུན་ནི་སྤྱི་གན་གྱི་དམིགས་འབེན་མངོན་འགྱུར་བྱུང་བ་དང་ འཕེལ་རྒྱས་ལ་སྣེ་ཁྲིད་པར་ཕན་འོས། གྲོས་མཐུན་གྱིས་སྤྱི་གན་གྱི་རྩ་དོན་དང་ཆོད་དོན་ལ་བརྩི་སྲུང་བྱེད་འོས་ཤིང་། སྤྱི་གན་ཕྱོགས་ཡོངས་ནས་ནུས་ལྡན་སྒོས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བྱེད་དགོས། དྲོད་ཁང་གི་རླུང་གཟུགས་གར་མོའི་ངང་ཡར་འཕྱུར་བར་ནུས་ལྡན་གྱིས་ཚོད་འཛིན་བྱེད་པ་དང་ལྷན་དུ་ཕན་ཐོགས་པའི་ཆ་དང་སྐུལ་སློང་གི་ནང་རྐྱེན་ཡང་བསྐྲུན་དགོས་ལ། རྒྱལ་ཁབ་སོ་སོ་ལྗང་མདོག་འཁོར་རྒྱུག་བྱེད་པའི་ཐཱན་དམའི་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་གཉིས་ཀར་གྲུབ་འབྲས་ཐོབ་རྒྱུ་མངོན་འགྱུར་བྱེད་དགོས།

  --ཕ་རི་སིའི་གྲོས་མཐུན་ནི་གོ་ལ་ཧྲིལ་བོའི་སྟོབས་ཤུགས་གཅིག་སྒྲིལ་དང་ཁྱོན་ཡོངས་ནས་གྲོས་ཞུགས་བྱ་རྒྱུར་སྐུལ་འདེད་བྱེད་པར་ཕན་འོས། གྲོས་མཐུན་གྱིས་ལམ་ལུགས་བཀོད་སྒྲིག་སྟེང་རྒྱལ་ཁབ་སོ་སོས་དཀའ་ངལ་མཉམ་སེལ་དང་མཉམ་དུ་ཧུར་བརྩོན་བྱེད་པར་སྐུལ་འདེད་གཏོང་འོས། རྒྱལ་ཁབ་སོ་སོའི་སྲིད་གཞུང་ལས་གཞན། ད་དུང་ཁེ་ལས་དང་སྲིད་གཞུང་གི་རྩ་འཛུགས་མ་ཡིན་པ་སོགས་སྤྱི་ཚོགས་ཡོངས་ཀྱི་ཐོན་ཁུངས་དག་རྒྱལ་སྤྱིའི་མཉམ་འབྲེལ་འཕེལ་རིམ་ལ་ཞུགས་པར་སྐུལ་སློང་བྱེད་འོས་ཤིང་། སྤྱིའི་འདུ་ཤེས་གོང་འཕེལ་དུ་བཏང་སྟེ་ཐུན་མོང་གི་ནུས་པ་གྲུབ་དགོས།

  --ཕ་རི་སིའི་གྲོས་མཐུན་ནི་མ་རྩ་ཆེར་གཏོང་དང་བྱ་སྤྱོད་ཀྱི་ཁག་ཐེག་ལ་ཤུགས་རྒྱག་པར་ཕན་འོས། མ་དངུལ་ལག་རྩལ་གྱི་རྒྱབ་སྐྱོར་ཐོབ་ལེན་དང་བཅོས་སྐྱོང་གི་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་ནི། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་ལག་བསྟར་བྱེད་པའི་བྱ་སྤྱོད་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། སྔོན་ཐོན་རྒྱལ་ཁབ་ཀྱིས ༢༠༢༠ ལོར་སླེབས་སྐབས་ལོ་རེར་ཨ་སྒོར་དུང་ཕྱུར ༡༠༠༠ ཡི་ཁས་ལེན་དོན་འཁྱོལ་བྱེད་འོས་ཤིང་། ༢༠༢༠ ལོའི་རྗེས་སུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལྷག་ཏུ་ནུས་ཤུགས་ལྡན་པའི་མ་དངུལ་གྱི་རྒྱབ་སྐྱོར་མཁོ་སྤྲོད་བྱེད་འོས། འདི་ལས་གཞན། ད་དུང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ནམ་ཟླ་ལེགས་བསྒྱུར་གྱི་ལག་རྩལ་བརྒྱུད་སྤྲོད་བྱས་ཏེ། དེའི་དྭངས་གཙང་གི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་རོགས་རམ་བྱེད་འོས། 
  --ཕ་རི་སིའི་གྲོས་མཐུན་ནི་རྒྱལ་ཁབ་སོ་སོའི་རྒྱལ་བབ་ལ་གཟིགས་སྐྱོང་དང་ནུས་ལྡན་དོན་འཁྱོལ་ཡོང་བར་ཕན་འོས། རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་ནང་གི་སྲིད་ཇུས་དང་ནུས་པ་འཛུགས་སྐྲུན། དེ་བཞིན་དཔལ་འབྱོར་སྒྲིག་གཞིའི་ཐད་ཀྱི་ཁྱར་པར་ལ་བརྩི་འཇོག་བྱེད་འོས་པ་ལས། བྱ་སྤྱོད་གཅིག་མཚུངས་སྤེལ་མི་རུང་། ནམ་ཟླའི་འགྱུར་ལྡོག་ལ་བཅོས་སྐྱོང་བྱེད་པ་ཡིས།  འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དབུལ་ཕོངས་སེལ་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་ལུགས་མཐུན་གྱི་དགོས་མཁོར་བཀག་འགོག་བྱེད་མི་འོས་ཤིང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དམིགས་བསལ་དཀའ་ཁག་ལ་གཟིགས་སྐྱོང་གནང་དགོས། 

  གུས་པར་འོས་པའི་ལས་གྲོགས་ལྷན་རྒྱས། སྲས་མོ་དང་སྐུ་ཞབས་རྣམ་པ།
  ཕ་རི་སིའི་གྲོས་མཐུན་ནི་མཐར་ཐུག་ཅིག་མིན་པར། འགོ་འཛུགས་གསར་བ་ཞིག་ཡིན་ལ། གོ་ལ་ཧྲིལ་བོས་བཅོས་སྐྱོང་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་བྱ་ཆེད་བཏོན་པའི་གོ་ལ་ཧྲིལ་བོའི་ཧུར་བརྩོན་ནི་ངོས་གཅིག་ཡིན་ཏེ། ང་ཚོས་མ་འོངས་པར་གོ་ལ་ཧྲིལ་བོ་བཅོས་སྐྱོང་བྱེད་པའི་མ་དཔེ་འཚོལ་སྙེག་བྱེད་པར་བསམ་གཞིགས་སྐྱེལ་འོང་བ་དང་། མིའི་རིགས་ཐུན་མོང་གི་ལས་དབང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་གསལ་འདེབས་གལ་ཆེན་གནང་ཡོད།

  --ང་ཚོས་གང་ནུས་དེ་སྒྲུབ་དང་མཉམ་ལས་མཉམ་རྒྱལ་གྱི་མ་འོངས་པ་ཞིག་གསར་བཏོད་བྱེད་འོས། ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་སོགས་ཀྱི་གོ་ལ་ཧྲིལ་བོའི་གནད་དོན་ལ། གལ་ཏེ་ཁེ་ཕན་རིང་ལུགས་ཀྱི་བསམ་བློ་བཅངས་ནས། ཁེ་བཟང་མང་དུ་རག་རྒྱུ་དང་ལས་འགན་ཉུང་དུ་འཁུར་རྒྱུར་རེ་བ་བྱས་ན། མཇུག་མཐར་རང་གཞན་གཉིས་ཀ་བརླག་སྲིད། ཕ་རི་སིའི་ཚོགས་ཆེན་གྱིས“ཀླད་གོར་དང་འགྲན་རྩོད” ཀྱི་གུ་དོག་པའི་བསམ་བཞིགས་དོར་ནས། རྒྱལ་ཁབ་སོ་སོ་དང་ལྷག་པར་སྔོན་ཐོན་རྒྱལ་ཁབ་ལ། མཉམ་སྤྱོད་མང་དུ་བྱེད་པ་དང་འོས་འགན་མང་དུ་འཁུར་བར་སྐུལ་འདེད་བྱས་ཏེ། རང་གཞན་གཉིས་ཀར་ཕན་པ་བསྐྲུན་ནས་མཉམ་དུ་རྒྱལ་ཁ་ལེན་རྒྱུ་མངོན་འགྱུར་བྱེད་དགོས།

  --ང་ཚོས་ཁྲིམས་སྐྱོང་ལག་བསྟར་དང་འདྲ་མཉམ་དྲང་གཞག་གི་མ་འོངས་པ་གསར་བཏོད་བྱེད་འོས། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གོ་ལ་ཧྲིལ་བོས་བཅོས་སྐྱོང་ཁྲོད་ཀྱི་གོ་གནས་དང་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཤིང་། རྒྱལ་སྤྱིའི་སྒྲིག་སྲོལ་ནུས་ལྡན་སྒོས་སྲུང་སྐྱོབ་དང་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་ལ། དམངས་གཙོ་དང་འདྲ་མཉམ། དྲང་གཞག་བཅས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་དགོས། སྔོན་ཐོན་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་ལས་འགན་དང་འཕེལ་རྒྱས་ཀྱི་གོ་རིམ། བཅོས་སྐྱོང་གི་ནུས་པ་སོགས་མི་འདྲ་སྟེ། ཐུན་མོང་ཡིན་ལ་ཁྱད་པར་ཡང་མཆིས་པའི་ལས་འགན་གྱི་རྩ་དོན་ལ་དུས་ཡོལ་བྱུང་མེད་པ་མ་ཟད། ད་དུང་བརྩི་སྲུང་ཐོབ་འོས། 

  --ང་ཚོས་ཕན་ཚུན་ལ་བཟོད་སྒོམ་ལྟ་སྐུལ་དང་མཉམ་དུ་འཕེལ་རྒྱས་འགྲོ་བའི་མ་འོངས་པ་གསར་བཏོད་བྱེད་འོས། གོ་ལ་ཧྲིལ་བོའི་འགྲན་རྩོད་ལ་ཁ་གཏད་པར། རྒྱལ་ཁབ་སོ་སོས་ཕན་ཚུན་ལབ་གླེང་དང་འབྲེལ་འདྲིས་སློབ་སྦྱོང་གི་སྦྱོང་བརྡར་ལེགས་གྲས་ལ་ཤུགས་བསྣན་ཏེ། མི་འདང་བར་ཁ་གསབ་བྱེད་དགོས་པ་དང་། ཕན་ཚུན་ལ་ལྟ་སྐུལ་བྱེད་པའི་གོ་རིམ་ཁྲོད་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུ་དང་མི་དམངས་ཡོངས་ལ་ཕན་འདོགས་རྒྱུ་མངོན་འགྱུར་བྱེད་དགོས། དེ་དང་ཆབས་ཅིག  འཆམ་མཐུན་ཡིན་ཡང་ཁྱད་པར་མཆིས་པ་ལ་སྣེ་སྟོན་བྱེད་དགོས་ཏེ། རྒྱལ་ཁབ་སོ་སོས་རང་རང་གི་རྒྱལ་ཁབ་ཀྱི་རྒྱལ་བབ་དང་ཆེས་འཚམ་པའི་བཅོས་སྐྱོང་སྲིད་ཇུས་འཚོལ་སྙེག་བྱེད་པར་ཆོག་མཆན་གནང་དགོས། 

  གུས་པར་འོས་པའི་ལས་གྲོགས་ལྷན་རྒྱས། སྲས་མོ་དང་སྐུ་ཞབས་རྣམ་པ།
  ཀྲུང་གོ་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་བོའི་ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་ལས་དོན་གྱི་ཧུར་ཐག་གི་ཟུར་ཞུགས་མཁན་ཞིག་ཡིན་ཏེ། ཕ་རི་སིའི་ཚོགས་ཆེན་ལེགས་འགྲུབ་བྱུང་བར་རང་གི་བྱས་རྗེས་བསྐྲུན་ཐུབ་པའི་གཞུང་དྲང་གི་བསམ་པ་དང་ཆོད་སེམས་མཆིས།

  འདས་ཟིན་པའི་ལོ་ངོ་བཅུ་ཕྲག་གི་རིང་། ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་ཞིང་མི་དམངས་ཀྱི་འཚོ་བར་གཏིང་ཟབ་པའི་འགྱུར་ལྡོག་བྱུང་། ཡིན་ནའང་ནུས་ཤུགས་ཐོན་ཁུངས་ཀྱི་ཁོར་ཡུག་ཐད་རིན་དོད་ཀྱང་འཁུར་མྱོང་། གནའ་ནས་ད་རག་བར་ཤེས་རྟོགས་བྱུང་བ་ནི། ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་སྤེལ་བྱེད་བཞིན། ལྗང་མདོག་འཁོར་རྒྱུག་གི་ཐཱན་དམའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་དེ་ཡིན། ཀྲུང་གོས་ནམ་ཟླའི་འགྱུར་ལྡོག་ལ་བཅོས་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་ཡུན་རིང་གི་འཆར་གཞིར་བཀོད་ཡོད་པ་དང་། ནམ་ཟླའི་འགྱུར་ལྡོག་འཕྲི་འགྱངས་དང་འོས་འཚམ་བཟོ་བ་གཉིས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཁྲིམས་ལུགས་དང་སྲིད་དོན། ལག་རྩལ། ཁྲོམ་ར་སོགས་ཀྱི་བྱེད་ཐབས་སྣ་མང་ལ་བརྟེན་ནས། བྱ་བ་སོ་སོ་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བྱས། ཀྲུང་གོའི་སླར་སྐྱེ་ཐུབ་པའི་ནུས་ཁུངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་ཤོང་ཚད་ཀྱིས་གོ་ལ་ཧྲིལ་བོའི་ཤོང་ཚད་ཀྱི ༢༤% ཟིན་པ་དང་། གསར་དུ་བསྣན་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་ཤོང་ཚད་ཀྱིས་གོ་ལ་ཧྲིལ་བོའི་འཕར་ཚད་ལས ༤༢% ཟིན། ཀྲུང་གོ་ནི་འཛམ་གླིང་གི་ནུས་ཁུངས་གྲོན་ཆུང་དང་། ནུས་ཁུངས་གསར་བ་བེད་སྤྱོད། སླར་སྐྱེ་ཐུབ་པའི་ནུས་ཁུངས་བཅས་ཀྱི་ཐད་ཨང་དང་པོ་ཐོབ་པའི་རྒྱལ་ཁབ་ཆེ་གྲས་ཤིག་ཡིན།
  “བྱ་དངོས་ཐ་དག་རང་སར་སྐྱེ། བྱ་དངོས་ཐ་དག་རང་སར་འཚོ”  ཀྲུང་ཧྭའི་དཔལ་ཡོན་གྱིས་གནའ་ནས་བཟུང་གནམ་ས་གཅིག་མཐུན་དང་རང་བྱུང་ལ་བརྩི་བཀུར་བྱེད་རྒྱུ་གཙིགས་སུ་འཛིན། མ་འོངས་པ་ལ་ཁ་གཏད་པར། ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ“བཅུ་གསུམ་ལྔའི”འཆར་གཞིའི་ནང་དོན་གཙོ་བོར་བཟུང་ནས། གསར་བཏོད་དང་མཐུན་སྦྱོར། ལྗང་མདོག  སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་བྱེད་སྲིད། ཚན་རྩལ་གསར་བཟོ་དང་ལམ་ལུགས་གསར་བཟོ་བྱེད་པར་བརྟེན་ནས། ཐོན་ལས་ལེགས་སྒྱུར་གྱི་སྒྲིག་གཞི་ལག་བསྟར་དང་ཐཱན་དམའི་ནུས་ཁུངས་མ་ལག་གསར་སྐྲུན། ལྗང་མདོག་གི་འཛུགས་སྐྲུན་དང་ཐཱན་དམའི་འགྲིམ་འགྲུལ་འཕེལ་རྒྱས་སུ་གཏོང་བ། རྒྱལ་ཡོངས་ཀྱི་ཐཱན་ཕྱིར་གཏོང་བརྗེ་རེས་བྱེད་པའི་ཁྲོམ་ར་སོགས་ཀྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་འཛུགས་སྐྲུན་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བའི་དེང་རབས་ཅན་གྱི་འཛུགས་སྐྲུན་རྣམ་པ་གསར་བ་གྲུབ་པར་བྱེད་དགོས། ཀྲུང་གོས“རྒྱལ་ཁབ་ཀྱིས་རང་བདག་ངང་བྱས་རྗེས་འཇོག་པའི”གོ་རིམ་ཁྲོད། ༢༠༣༠ ལོའི་ཡས་མས་སུ་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་རྩེ་གྲས་སུ་སླེབས་རྒྱུ་དང་། དེ་མ་ཟད་སྔ་མོར་མངོན་འགྱུར་བྱུང་རྒྱུ་བརྩོན་ལེན་བྱས་ཏེ། ༢༠༣༠ ལོར་རྒྱལ་ནང་གི་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་གི་ཐོན་སྐྱེད་སྤྱི་འབོར་དེ ༢༠༠༥ ལོ་དང་བསྡུར་ན ༦༠%- ༦༥% མར་འཕྲི་རྒྱུ་དང་། འགྱུར་རྡོ་མ་ཡིན་པའི་ནུས་ཁུངས་ཀྱིས་སླར་སྐྱེ་མི་ཐུབ་པའི་ནུས་ཁུངས་ཀྱི་ཟད་གྲོན་བསྡུར་ཚད་ཀྱི ༢༠% ཡས་མས་ཟིན་ཐུབ་པ། ནགས་ཚལ་གསོག་ཉར་ཚད ༢༠༠༥ ལོ་དང་བསྡུར་ན་ལི་སྨི་གྲུ་བཞི་མ་དུང་ཕྱུར ༤༥ ཡས་མས་སུ་འཕར་བ་སོགས་བཏོན་ཡོད། དཀའ་སྤྱད་སྡུག་རུས་བྱེད་དགོས་མོད། འོན་ཀྱང་ང་ཚོར་རང་ཉིད་ཀྱི་ཁས་ལེན་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་མཆིས།

  ཀྲུང་གོས་ཡང་དག་གི་ཁེ་ཕན་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་ནམ་ཟླའི་འགྱུར་ལྡོག་གི་རྒྱལ་སྤྱིའི་མཉམ་འབྲེལ་ཁྲོད་ཞུགས་རྒྱུ་ཡིན། ལོ་དུ་མའི་རིང་། ཀྲུང་གོའི་སྲིད་གཞུང་གིས་ནམ་ཟླའི་འགྱུར་ལྡོག་ཁྱབ་ཁོངས་ཀྱི་ལྷོ་ལྷོ་མཉམ་འབྲེལ་བྱེད་པའི་སྲིད་ཇུས་ཀྱི་ཁན་ལེན་ནན་ཏན་གྱིས་དོན་འཁྱོལ་བྱས་ཤིང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལས་ཆེས་རྗེས་ལུས་ཡིན་པའི་རྒྱལ་ཁབ་དང་། ནང་ལོག་སྐམ་སའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ། གླིང་ཕྲན་ཆུང་ངུའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བཅས་ཀྱིས་ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་ལ་འགྲན་རྩོད་བྱེད་པར་རྒྱབ་སྐྱོར་བྱས་པ་ཡིན། རྒྱབ་སྐྱོར་གྱི་ནུས་ཤུགས་ཆེ་རུ་གཏོང་ཆེད། ད་ལོའི་ཟླ ༩ བར་ཀྲུང་གོས་ནམ་ཟླའི་འགྱུར་ལྡོག་ཐད་ལྷོ་ལྷོ་མཉམ་འབྲེལ་བྱེད་པའི་མ་དངུལ་མི་དམངས་དངུལ་སྒོར་དུང་ཕྱུར ༢༠༠ གསར་འཛུགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཀྲུང་གོས་སང་ལོར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དུ་ཐཱན་དམའ་བཟོ་ལྟ་ཁུལ ༡༠ དང་། ནམ་ཟླའི་འགྱུར་ལྡོག་འཕྲི་འགྱངས་དང་འོས་འཚམ་བཟོ་བའི་ལས་གཞི ༡༠༠ དེ་བཞིན་ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་གི་སྦྱོར་བརྡར་མིང་གྲངས་ཐད་ཀྱི་མཉམ་འབྲེལ་ལས་གཞི ༡༠༠༠ བཅས་འཁོར་སྒུལ་བྱས་ཏེ། ནུས་ཁུངས་གསར་སྒྱུར་དང་གནོད་འཚེ་སྔོན་འགོག  སྐྱེ་ཁམས་སྲུང་སྐྱོང་། ནམ་ཟླ་འོས་འཚམ་རང་བཞིན་གྱི་ཞིང་ལས། ཐཱན་དམའ་བློ་རིག་རང་བཞིན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་འབྲེལ་ལ་མུ་མཐུད་དུ་སྐུལ་འདེད་བྱེད་རྒྱུ་དང་། དེ་མ་ཟད་ཁོ་ཚོའི་མ་རྩ་གཏོང་བའི་ནུས་པ་མཐོར་འདེགས་སུ་གཏོང་བར་རོགས་རམ་བྱེད་སྲིད།

  གུས་པར་འོས་པའི་ལས་གྲོགས་ལྷན་རྒྱས། སྲས་མོ་དང་སྐུ་ཞབས་རྣམ་པ།
  ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་བྱ་རྒྱུ་ནི་མིའི་རིགས་ཐུན་མོང་གི་ལས་དོན་ཡིན་ཏེ། འཛམ་གླིང་ཡོངས་ཀྱི་མིག་དབང་ཕ་རི་སིར་ཕྱོགས་ཡོད། ང་ཚོས་ལག་གདང་སྦྲེལ་ནས་ཧུར་བརྩོན་བྱེད། གོ་ལ་ཧྲིལ་བོས་འདྲ་མཉམ་ནུས་ལྡན་གྱི་ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་གི་ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་དང་། གོ་ལ་ཧྲིལ་བོའི་མུ་མཐུད་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་ལས་མཐོ་བ་མངོན་འགྱུར་བྱུང་རྒྱུ། དེ་བཞིན་མཉམ་ལས་མཉམ་རྒྱལ་གྱི་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྲུན་བྱ་རྒྱུར་བྱས་རྗེས་འཇོག་དགོས་སོ།། 
ཚང་མར་ཐུགས་རྗེ་ཆེ་ཞུ། 
  
  ཁ་བྱང་ཕྱི་མོ།  ཞིས་ཅིན་ཕིང་གི་ཕ་རི་སིའི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་འགོ་ཚུགས་མཛད་སྒོའི་སྟེང་གི་གསུང་བཤད།
(རྩོམ་འགན་པ། དབང་འདུས།)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070