སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ཞེས་བྱ་བ་བཞུགས་སོ། །༡
སྤེལ་དུས། 2016-05-23   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

༄༅། །རྒྱ་གར་སྐད་དུ། །རཱ་ཛ་ནཱི་ཤཱསྟྲ་བྷཱུམི་པཱལ་སྱ་ཨ་ལངྐཱ་ར་ནཱ་མ། །བོད་སྐད་དུ། །རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ཞེས་བྱ་བ། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

རྒྱལ་མཆོག་སྟོན་པ་ཚད་མའི་སྐྱེས་བུ་དང་། །རྣམ་གྲོལ་འཇུག་ངོགས་བསྟན་པ་རིན་ཆེ། །དེ་འཛིན་འཕགས་ཚོགས་འཇིག་རྟེན་རྒྱན་གྱུར་པ། །དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །མཁའ་དང་མཉམ་པ་ཡེ་ཤེས་འོད་ཟེར་ཅན། །འགྲོ་བའི་ཡིད་ཀྱི་མུན་པ་རྣམས་སེལ་བ། །འཇམ་དཔལ་སྨྲ་བའི་ཉི་མ་གང་དེ་ཡིས། །སྐྱེ་རྒུའི་བློ་གྲོས་པད་ཚལ་སྐྱོང་བར་མཛོད། །རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོ་རྣམས། །བསམ་བཞིན་སྐྱེ་རྒུའི་མགོན་དུ་ལེགས་བཞུགས་པ། །ལྷ་དང་མི་ཡི་དབང་ཕྱུག་མཆོག་རྣམས་དང་། །འཇིག་རྟེན་སྐྱོང་བའི་ཚོགས་ཀྱི་ཤིས་པར་མཛོད། །གང་འདིར་ཕན་དང་བདེ་བའི་ལེགས་ལམ་སྒོ། །དམ་པ་རྣམས་ཀྱི་མཛད་པར་རག་ལས་ཕྱིར། །མི་བདག་རྣམས་དང་ཕལ་པ་དག་གིས་ཀྱང་། །དོན་གཉིས་ཡིད་བཞིན་འགྲུབ་པར་བྱ་བའི་སླད། །རྒྱལ་པོ་མཆོག་དང་རྒྱལ་སྲས་ཆེ་རྣམས་དང་། །མཁས་པའི་དབང་པོ་རྣམས་ཀྱི་བསྟན་བཅོས་ལས། །སྙིང་པོ་བསྡུས་ཤིང་གོ་སླའི་ངག་གིས་ནི། །གསལ་བར་ཕྱེ་སྟེ་བརྩེ་བས་བཤད་པར་བྱ། །བློ་གྲོས་རབ་ཏུ་གསལ་གྱུར་ཅིང་། །ལུགས་ལས་མི་གཡོ་བརྟན་པ་དང་། །བརྩེ་བས་འཁོར་འབངས་མཉམ་པར་སྐྱོང་། །བསོད་ནམས་རྒྱ་ཆེར་འདུ་བྱེད་པས། །ཉི་མ་ལྷུན་པོ་ས་གཞི་དང་། །ཆུ་གཏེར་ལྟ་བུར་བསྔགས་འོས་པའི། །མི་བདག་གང་ན་གནས་པ་ནི། །འཁོར་གྱི་སྐྱེ་བོ་ཉེར་འཚོའི་གཞི། མི་ཤེས་སློབ་ཕྱིར་བླང་དོར་གནས། །འཆུག་མེད་ཁྲིམས་ཀྱིས་ལེགས་འཛིན་པའི། ས་སྐྱོང་བཟང་ན་སྐྱེ་རྒུ་བདེ། །ངན་ན་འཁོར་འབངས་སྡུག་བསྔལ་འཐོབ། །དེ་ཕྱིར་སྐྱེ་བོ་ཕལ་མོ་ཆེ། །ཀུན་ལས་རྒྱལ་པོ་གཉན་པའི་ཕྱིར། །མི་དབང་རྣམས་ཀྱི་སྤྱོད་པ་ལས། །ཕན་གནོད་འབྲས་བུ་རྒྱ་ཆེར་འབྱིན། །ཀུན་གྱི་ལྟ་ཞིང་རྟོག་པའི་གནས། །ཡིན་ཕྱིར་རྒྱལ་པོ་རྒྱལ་རིགས་ཀྱི། །སྤྱོད་པ་བཟང་ངན་ཕྲ་མོ་ཡང་། །འཇིག་རྟེན་ན་ནི་བརྗོད་ཅིང་དཔྱོད། །ས་བདག་བློ་གྲོས་ལྡན་པ་རྣམས། །ཡ་རབས་ལུགས་ལ་ཤིན་ཏུ་མོས། །འོད་ཟེར་སྟོང་དང་ལྡན་པ་ཡི། །ཉི་མ་འཇིག་རྟེན་འདི་ན་མཛེས། །ཡ་རབས་དམ་པའི་ཚུལ་ལ་ནི། །མི་མོས་གདོལ་པའི་སྤྱོད་པ་ཅན། །ཕལ་པ་ཡིན་ཡང་མི་མཛེས་ན། །རྒྱལ་པོའི་རིགས་ལ་སྨོས་ཅི་དགོས། རིགས་ངན་སྐྱེ་བོའི་ཚོགས་རྣམས་དང་། །ལྷན་ཅིག་སྤྱོད་པ་འདྲེས་གྱུར་ན། སུས་ཀྱང་བཀུར་པར་མི་འགྱུར་ཞིང་། །བརྙས་བཅས་མི་སྙན་བརྗོད་པར་བྱེད། །དབང་དང་འབྱོར་ལྡན་པ་ཡི། །རྒྱལ་རིག་ཕལ་ཆེར་བག་མེད་པས། །མྱོས་པའི་གླང་ཆེན་བཞིན་དུ་འཁྱམས། དེ་ཡི་འཁོར་ཀྱང་དེ་འདྲར་འགྱུར། །གཞན་ཡང་རྒྱལ་པོ་རྒྱལ་རིགས་ཀྱི། སྤྱོད་པ་བཟང་ངན་ཇི་འདྲ་བ། །དེ་འདྲའི་ཚུལ་ལ་བལྟས་ནས་སུ། །འབངས་རྣམས་དེ་དང་དེ་འདྲ་སྟེ། །རྒྱལ་པོ་ནོར་ལ་བརྐམ་གྱུར་ན། །ནོར་གྱིས་རྒྱལ་ཁྲིམས་བསླུ་བར་རྩོམ། །མི་བདག་གཡེམ་ལ་དགའ་གྱུར་ན། །འཕྱོན་མའི་ཚོགས་རྣམས་མགོ་འཕང་མཐོ། །ཕྲ་མར་ཉན་ན་དབྱེན་གྱིས་གཏོར། །བརྟག་དཔྱད་མི་ཤེས་རྫུན་གྱིས་སླུ། །ངལ་ལོ་ཡང་ན་ཀུན་གྱིས་བསྐྱོད། །ངོ་དགར་བརྩི་ན་ཟོལ་ཚིག་སྨྲ། དེ་དང་དེ་ལ་སོགས་པ་ཡི། །མི་བདག་དེ་ལ་གང་གང་གིས། །བསླུ་བར་རུང་བའི་སྐབས་མཐོང་ན། །གཡོན་ཅན་ཚོགས་ཀྱིས་ཐབས་དེ་སེམས། །མི་རྣམས་རང་འདོད་སྣ་ཚོགས་ལ། རྒྱལ་པོ་ཀུན་གྱི་ཐུན་མོང་ཕྱིར། །རྒྱལ་པོས་བསམ་གཞིགས་མ་བྱས་ན། །ཐ་མར་རྒྱལ་སྲིད་འཇིག་པར་འགྱུར། །ཆེན་པོའི་གོ་སར་གནས་པ་ལ། སྐྱོན་ཡང་ཡོན་ཏན་ཡིན་ཚུལ་དུ། །འཁོར་ངན་རྣམས་ཀྱིས་ངོ་བསྟོད་སྨྲ། །དེ་ཕྱིར་སྐྱོན་ཡོན་ཤེས་པ་དཀའ། །ལྷག་པར་རྩོད་ལྡན་སྙིགས་མའི་ཚེ། །འཁོར་གྱི་ནང་ན་མ་རབས་མང་། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ལ། །རང་འདོད་ཆེ་ཞིང་རྒྱལ་པོ་བསླུ། །ཆུས་དང་འཁོར་གྱི་བདེ་ཐབས་ལ། །བམས་གཞིགས་བྱེད་པ་དཀོན་པའི་ཕྱིར། །རྒྱལ་པོས་ལེགས་པར་དཔྱད་ནས་སུ། །བདེན་པའི་ངག་ལས་གཞན་པ་དོར། །རྒྱལ་པོ་ནོར་གྱིས་མི་དབུལ་ཞིང་། །འཁོར་ངོ་བསྟོད་མི་ཐོས་མིན། །ནོར་གྱིས་བསླུ་དང་ངོ་བསྟོད་དང་། །ཟོལ་ཚིག་རྣམས་ལ་དགའ་མི་བྱ། །རྒྱལ་རིགས་རྣམས་ཀྱིས་རྣམ་ཀུན་ཏུ། །འདི་ལྟར་བསམ་གཞིགས་བཏང་བྱ་སྟེ། འཁོར་དུ་གཏོགས་པའི་སྐྱེ་རྒུ་འདིའི་། བདེ་སྡུག་བདག་ལ་རག་ལས་ཤིང་། །འདི་ཀུན་བདག་གིས་འཆོས་དགོས་ན། །ཐོག་མར་བདག་གིས་རིགས་པ་དང་། །མི་རིགས་གང་ཡིན་མ་ཤེས་པར། སྐྱེ་རྒུའི་བླང་དོར་བྱ་བ་ལ། །རང་ཉིད་དབང་པོར་མི་འོས་པས། །རྒྱལ་བ་མཆོག་དང་རྒྱལ་སྲས་ཀྱི། །རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས། །ཇི་སྐད་གསུངས་པ་མཉན་པར་བྱ། ཐོས་པའི་དོན་ལ་རྩེ་གཅིག་ཏུ། །བརྟག་ནས་ཡིད་ཆེས་རྙེད་འགྱུར་ཚེ། །བདག་ནི་སྐྱེ་རྒུ་སྐྱོང་པ་ཡི། །མགོན་དང་མིག་ཏུ་བསྔགས་པས་ན། །ཕལ་ལས་མཆོག་ཏུ་མ་གྱུར་ནའང་། །དམན་དང་མཉམ་པ་ག་ལ་ཞེས། །བདག་ལ་རྟོགས་ཤིང་བག་ཡོད་པའི། །མི་བདག་དེ་ནི་དོན་དང་ལྡན། །ས་སྐྱོང་ཡོན་ཏན་ལྡན་གྱུར་ན། །འཁོར་གྱི་སྐྱེ་བོའི་ཚོགས་རྣམས་ཀྱང་། །རང་འདོད་མ་རབས་བྱ་བ་ལ། །འཇུག་པའི་གོ་སྐབས་འགག་པར་འགྱུར། །ཡོན་ཏན་གང་ཡང་མི་འཚོལ་བར། །རིགས་ཀྱི་ང་རྒྱལ་ཙམ་ཞིག་གིས། །རང་གི་འཁོར་ལ་འཚེ་བ་ནི། །རྒྱལ་རིགས་ཡིན་ཀྱང་ཐ་མར་ཉམས། །རྒྱལ་པོའི་མངའ་ཐང་ཆེ་ཆུང་ནི། །འཁོར་གྱི་དར་གུད་རྗེས་སུ་འགྲོ། །དེ་ཕྱིར་འབངས་ཀྱི་བདེ་ཐབས་ལ། །ལེགས་པར་གཞིག་པ་རྒྱལ་པོ་ཡིན། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། བག་ཡོད་པའི་རབ་ཏུ་བྱེད་པ་སྟེ་དང་པོའོ། །

མི་ཡི་བདག་པོ་མཆོག་རྣམས་ཀྱིས། །ལུགས་དང་ལུགས་མིན་ཤེས་པའི་སླད། །སྣ་ཚོགས་བསྟན་བཅོས་བསླབ་བྱ་ཞིང་། །ཡོན་ཏན་ཅན་ལ་བསྟེན་པར་བྱ། །བསྟན་བཅོས་རྣམས་ལ་མ་བྱང་ན། །བློ་གྲོས་ཆུང་ངུའི་ཤེས་པ་ཡིས། །བླང་དོར་རྒྱ་ཆེན་མི་འབྱེད་པས། །བཀའ་དང་དགོངས་འགྲེལ་བལྟ་བར་བྱ། །ཡོན་ཏན་བསླབ་པའི་དུས་ཉིད་ན། །ཆེ་ཚུགས་སྤངས་ཏེ་བླ་མ་བསྟེན། །དམ་པ་རྣམས་ལ་བསྟེན་བྱས་ན། །ཡོན་ཏན་དབྱར་གྱི་ཆུ་བཞིན་འཕེལ། །མཐོང་དང་མ་མཐོང་ཡོན་ཏན་ནི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །ཤེས་རབ་མེད་ན་ཡུལ་འཁོར་ལ། བྱམས་པ་ཙམ་གྱིས་སྐྱོང་མི་ནུས། །ཤེས་རབ་ལྡན་པས་བརྩམས་བྱས་ན། །མི་འགྲུབ་པ་ནི་གང་ཡང་མེད། །ཤེས་རབ་སྟོབས་ཀྱིས་སངས་རྒྱས་ཀྱང་། །འགྲུབ་པར་ནུས་ན་གཞན་ལྟ་ཅི། །ཤེས་རབ་རྒྱ་ཆེར་འཕེལ་བའི་སྒོ། ཐོས་པ་ཡིན་པ་དེ་ཡི་ཕྱིར། །འབད་དེ་ཐོས་པ་མི་འཚོལ་བར། །མནོག་ཆུང་བྱ་བས་ཅི་ཞིག་བྱ། ཆོས་དོན་འདོད་དང་ཐར་པ་ཡི། །འབྱུང་གནས་ཆེན་པོ་རིག་པ་ཡིན། །རིག་པ་སྤེལ་བའི་གཞུང་བཟང་པོ། །བྱིན་ཀྱང་མི་མཁོ་ཕྱུགས་མིན་ནམ། །ཤེས་རབ་ལྡན་པ་གཅིག་པུས་ཀྱང་། །སྟོབས་ལྡན་དགྲ་ཚོགས་ཕམ་པར་ནུས། །འོད་ཟེར་མཆོག་ཏུ་འཕགས་པ་ཡི། །ཉི་མས་སྐར་ཚོགས་མནན་པ་བཞིན། ཤེས་རབ་མེད་ན་འབྱོར་པ་སོགས། ཡོད་ཀྱང་དགྲ་ཡི་གསོས་སུ་འགྲོ། །སྟོབས་དང་ལྡན་ཡང་གཞན་དབང་འགྱུར། ལྕགས་ཀྱུས་གླང་ཆེན་བཀོལ་བ་འདྲ། །གང་ཞིག་མཁས་པར་འདོད་པ་ན། །ཉི་མ་རེ་ལ་ཚིག་རེ་ཟུང་། །ཆ་ཡིས་བསགས་པར་གྱུར་པ་ན། ཟླ་བ་ཡར་ངོ་བཞིན་དུ་འཕེལ། །མ་བསླབས་ཁ་རོག་འདུག་པ་ལ། །ལོ་བརྒྱ་སོང་ཡང་བཟང་སྐྱེད་མེད། །མཁས་པའི་སྤྱིད་ཡུལ་ཐོབ་འདོད་ན། །བརྩོན་པས་དཀའ་བ་དང་དུ་ལོངས། །བརྩོན་པ་མེད་ལ་ཡོན་ཏན་མེད། །ཡོན་ཏན་མེད་ན་དཔལ་འབྱོར་ལ། །རེ་སྒུག་བྱེད་པ་འབྲས་མེད་དེ། །དགུན་གྱི་ལྗོན་ཤིང་ཇི་བཞིན་ནོ། ། གལ་ཏེ་ཡོན་ཏན་ཡོད་གྱུར་ན། ། རེ་ཞིག་རྒུད་པར་གྱུར་ཀྱང་བླ། །མི་རིང་བདེ་བའི་འབྲས་འབྱིན་ཏེ། །དཔྱིད་ཀའི་ལྗོན་ཤིང་བཟང་པོ་བཞིན། །རྒྱལ་པོ་རང་གི་ཡུལ་ན་རྩི། །ཡོན་ཏན་ལྡན་པ་ཡུལ་གཞན་བཀུར། །རྒྱལ་སྲིད་ལས་ཀྱང་དོན་ཆེ་བའི། །ཡོན་ཏན་རང་གིས་ལེན་པས་ཆོག །ཡོན་ཏན་བླངས་པས་ཆོག་བཞིན་དུ། །རང་ལ་ཡོན་ཏན་མི་སྦྱོར་ཞིང་། །ཡོན་ཏན་ཅན་ལ་འཁུ་བ་རྣམས། །ཀྱེ་མ་ལས་ཀྱི་མཐུ་ཡིས་བཅོམ། །ཤེས་རབ་རྩལ་དང་བྲལ་བ་ཡི། །སྐྱེ་བོ་མང་དུ་ཚོགས་ན་ཡང་། །སེང་གེས་གླང་ཆེན་ཁྱུ་བཞིན་དུ། །བློ་ལྡན་གཅིག་གིས་ཆམ་ལ་འབེབས། །ཕ་རོལ་སྟོབས་དང་ལྡན་གྱུར་ཀྱང་། །བློ་དང་ལྡན་ན་བཀོལ་དུ་བཏུབ། འཐབ་ཚེ་མཁའ་ལྡིང་རྒྱལ་ན་ཡང་། །ཐ་མར་ཁྱབ་འཇུག་བཞོན་པར་བྱས། །ཤེས་རབ་རྩལ་དང་ལྡན་པ་ཡིས། །ས་རྣམས་མ་ལུས་སྐྱོང་བྱེད་པའི། །རྒྱལ་པོ་གཅིག་པུ་ཁོ་ནས་ཀྱང་། །ནོར་འཛིན་མཐའ་དག་བདག་གིར་ནུས། །ཤེས་རབ་མར་མེ་ཐོགས་གྱུར་ན། །རྒུད་པའི་མུན་པ་དེར་མི་གནས། །གཙུག་ལག་ཤེས་པའི་བློ་གྲོས་ཅན། །ཉི་མ་བཞིན་དུ་འཇིག་རྟེན་རྒྱན། ཆོས་དང་སྲིད་ཀྱི་ལེགས་ཚོགས་ཀུན། །ཤེས་རབ་སྟོབས་ལ་རག་ལས་ཕྱིར། །ཐོག་མར་ཤེས་རབ་མི་བསྒྲུབ་སྟེ། །དེ་ནས་གང་འདོད་བསྒྲུབ་པར་བྱ། །བྱ་བ་མིན་དང་བྱ་བའི་གནས། །མི་ཤེས་པ་ཡིས་དོན་ཆུང་ངུ་། །འབད་པས་བསྒྲུབས་ཀྱང་འགྲུབ་དཀའ་ན། །དོན་ཆེན་འགྲུབ་པ་ལྟ་ཅི་སྨོས། །ཕལ་པས་སྒྲུབ་པར་མི་ནུས་པ། །ཤེས་རབ་ལྡན་པས་ཐབས་ཀྱིས་འགྲུབ། །གང་པོས་མ་ཐུལ་གཅེར་བུའི་ཚོགས། །འཇམ་དཔལ་ཤེས་རབ་ལྡན་པས་བརྟུལ། །ཤེས་རབ་རྒྱ་ཆེར་འཕེལ་བ་ན། །བྱ་བ་ཀུན་ལ་ཐོགས་རྡུགས་མེད། །དམུས་ལོང་སྟོང་གིས་བགྲོད་དཀའ་བའི། །ལམ་རྣམས་མིག་ལྡན་གཅིག་གིས་གཅོད། །ཤེས་རབ་ལྡན་པའི་ངག་ཙམ་གྱིས། །ཕལ་པ་རྣམས་ཀྱི་དོན་ཆེན་འགྲུབ། །རྒྱལ་པོ་མེ་ལོང་གདོང་ཞེས་པའི། །ཚིག་ལས་གཞན་དག་བདེ་བ་ཐོབ། །མཁས་པ་ལེགས་བཤད་ཀྱིས་མི་ངོམས། །དམ་པ་ཡོན་ཏན་གྱིས་མི་ངོམས་པ་མེད། །བྱིས་པ་འདོད་ཡིན་གྱིས་མི་ངོམས། །སྐྱོན་དང་ཡོན་ཏན་འདྲེས་པ་དང་། །དུས་དང་དུས་མ་ཡིན་པ་དང་། །མཁས་དང་མི་མཁས་ཁྱད་པར་སོགས། །མཁས་པས་འབྱེད་ཀྱི་བླུན་པོས་མིན། །བསྟན་བཅོས་ཟབ་མོའི་དོན་དང་ནི། །གལ་ཆེན་གནད་ཀྱི་བྱ་བ་ལ། །སྦྱར་ཚེ་མཁས་བླུན་ཁྱད་པར་རྟོགས། །ལྟར་སྣང་མཁས་དང་བླུན་པོ་མཉམ། །མཁས་པས་སྐྱོན་སེལ་ཡོན་ཏན་སྒྲུབ། །བླུན་པོས་སྐྱོན་སྒྲུབ་ཡོན་ཏན་སྤོང་། །བླུན་པོས་མཁས་ལ་འཕྱ་བྱེད་ཀྱང་། །མཁས་པས་བླུན་ལ་སྙིང་རྗེ་སྐྱེ། །བླུན་པོ་ཇི་ལྟར་འབྱོར་གྱུར་ཀྱང་། །སྨྱིགས་མ་འབྲུ་ཆགས་བཞིན་དུ་འཛད། །མཁས་པ་ཇི་ལྟར་རྒུད་གྱུར་ཀྱང་། །ས་བོན་གྲུངས་པོ་བཞིན་དུ་འཕེལ། །མཁས་པ་ཡོན་ཏན་ལྡན་པ་རྣམས། །ལེགས་བཤད་བྱིས་པ་ལས་ཀྱང་ལེན། །བླུན་པོ་རང་མཐོང་ཆེ་བ་རྣམས། །མཁས་པ་བྱུང་ཚེ་གཞན་དུ་བྱོལ། །ལེགས་པར་བཤད་པས་མི་མགུ་ཞིང་། །ཟབ་དོན་ཐོས་ན་མི་ཉན་ལ། །དོན་ཆུང་གནས་ལ་ཆེར་བརྩོན་པ། །བླུན་པོ་རྣམས་ཀྱི་རྟགས་ཡིན་ནོ། །ཕན་པའི་གདམས་པ་ཆུད་གསོན་ཅིང་། དམ་པ་མིན་ལ་ལྷག་པར་དད་། །དམ་པའི་སྐྱེ་བོར་ཡིད་འཁུ་བ། །འདི་ཡང་བླུན་པོར་མཚོན་པའི་སྒོ། །བདེན་པར་སྨྲས་ན་ཡིད་མི་ཆེས། །གྱ་གྱུར་འཁྲིད་ན་དེ་རྗེས་འབྲངས། །ངོ་བསྟོད་ཙམ་གྱིས་མགུ་བྱེད་པ། །འདི་འདྲ་རྨོངས་པ་རྣམས་ཀྱི་རྟགས། །མཐོང་མ་ཐག་ཏུ་ཡིད་རྟོན་བྱེད། །གང་སྨྲས་པ་ལ་བདེན་པར་འཛིན། །གང་བྱུང་ལས་ལ་ནན་གྱིས་འཇུག །འདི་ཡང་བླུན་པོར་མཚོན་པའི་བརྡ། །མི་འགྲུབ་བྱ་བར་ཁས་ལེན་བྱེད། །མ་བརྟགས་གང་ཐོས་དེ་བཞིན་སྨྲ། །མ་ཤེས་དོན་ཡང་གྱ་ཚོམ་སྒྲོགས། །འདིས་ཀྱང་བླུན་པོར་ཤེས་པར་བྱེད། །མ་དྲིས་རང་གི་ཡོན་ཏན་སྨྲ། །རྒྱུ་མཚན་མེད་པར་གཞན་ལ་འཚེ། །བརྙས་ཐབས་བྱེད་ཅིང་རང་མཐོང་ཆེ། །འདི་འདྲ་གང་བྱུང་བླུན་པོ་ཡིན། །བླུན་པོའི་རྟགས་ལ་ཚད་མེད་ཀྱང་། །འདི་ལས་མཚོན་ཏེ་མཁས་རྣམས་ཀྱིས། །བླུན་པོའི་རང་བཞིན་ཤེས་སླ་ཞིང་། །དེ་ལས་གང་ལྡོག་མཁས་པར་ཤེས། །བླུན་པོ་ང་རྒྱལ་ཆེ་བ་དང་། རྒྱལ་པོ་ངན་དང་ཆུང་མ་ངན། །ཡུལ་ངན་རྣམས་ནི་སྤངས་བྱས་ན། །རང་ཉིད་བདེ་བ་འཐོབ་པར་འགྱུར། །མཁས་པ་དུལ་ཞིང་བརྟན་པ་དང་། །རྒྱལ་པོ་བཟང་དང་མཛད་བཟང་དང་། །ཡུལ་བཟང་རྣམས་ལ་བརྟེན་བྱས་ན། །བདག་ཉིད་དགའ་བ་འཕེལ་བར་འགྱུར། །དེ་ཕྱིར་མཁས་དང་བླུན་པོ་ཡི། །སྐྱོན་དང་ཡོན་ཏན་ཤེས་བྱས་ནས། །རྒྱལ་པོ་ལུགས་ལ་མཁས་པ་ཡིས། །མཁས་པའི་ཡོན་ཏན་བླང་བར་བྱ། འཇིག་རྟེན་སྒྱུ་རྩལ་རིག་པ་དང་། ཁྱད་པར་རྒྱལ་པོ་ལུགས་ཀྱི་གཞུང་། །བཟོ་དང་གསོ་བ་སྒྲ་ཚད་དང་། །ནང་དོན་རིག་པའི་གཞུང་ལུགས་བསླབ། ། རྩིས་རིག་སྙན་ངག་སྡེབ་སྦྱོར་སོགས། །བསླབ་པར་བྱ་བ་གང་ལ་ཡང་། ། རྒྱལ་རིགས་མཁས་པས་མི་སློབ་མེད། །མཁས་པ་རྒྱལ་པོའི་རྒྱན་གྱི་མཆོག ། །ཁྱད་པར་རྒྱལ་བའི་བཀའ་དང་ནི། །དགོངས་འགྲེལ་རྣམས་ཀྱི་དོན་བསླབས་ན། ཤེས་པར་བྱ་བའི་གནས་རྣམས་ལ། །འཇིགས་པ་མེད་པའི་སྤོབས་པ་ཐོབ། །དེ་ལྟར་རྒྱལ་པོ་བློ་གྲོས་མཆོག་ལྡན་པ། །ས་ཡི་སྟེང་ན་མཚུངས་མེད་རྒྱན་གྱུར་ཏེ། །ས་སྟེང་མུན་པ་མཐའ་དག་འཇོམས་བྱེད་པའི། །ཉི་མ་ལས་ཀྱང་མཆོག་ཏུ་འདི་འཕགས་སོ། །ཉིན་མོར་བྱེད་པས་གཞོམ་པར་མ་ནུས་པའི། ། །སྐྱེ་རྒུའི་ནང་གི་མུན་པ་མ་ལུས་པ། །མི་བདག་ཉི་མའི་སྣང་བས་མངོན་སེལ་ཕྱིར། །ས་སྐྱོང་དེ་ལ་ངོ་མཚར་འབུམ་དང་ལྡན། །ས་འོག་ས་སྟེང་ས་བླའི་འཇིག་རྟེན་གྱི། །བློ་ལྡན་ཡིད་ཀྱི་པད་ཚལ་ཇི་སྙེད་པ། །མི་དབང་མཁས་པའི་ཉི་མ་དེ་དང་གཉེན། །དེ་ཕྱིར་ས་གསུམ་དཔལ་དུ་ཤར་བའོ། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས་མི་བདག་མཁས་པ་བརྟག་པའི་རབ་ཏུ་བྱེད་པ་སྟེ་གཉིས་པའོ། །

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716