སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལེགས་པར་བཤད་པ་སའི་བསྟན་བཅོས་ལུགས་གཉིས་འོད་བརྒྱ་འབར་བའི་གཡུག་གི་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །
སྤེལ་དུས། 2016-06-27   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ།

           ཚོགས་གཉིས་རྒྱ་མཚོའི་འཇིང་གནས་ཤིང་། །སྐུ་བཞིའི་བང་རིམ་མངོན་པར་མཐོ།   །དོན་གཉིས་ཟླ་ཉིའི་རྣ་ཆ་འཁྲོལ།   །ཐུབ་མཆོག་ས་འཛིན་དབང་པོས་སྐྱོངས།   །རྙེད་དཀའི་དལ་རྟེན་འཛིན་མའི་གཞིར།   །བློ་གྲོས་ཕུན་ཚོགས་མཚན་མ་ཡི།   །ཨུཧྤལ་འཕྲེང་བ་རྣམ་མཛེས་པའི།   །གཞོན་ནུ་གང་དག་མཆིད་འདི་གསོན།   །ལུགས་ཟུང་བླང་དོན་ཚུལ་བཞིན་དུ།   །སྐྱོང་ལ་བློ་གྲོས་ལྡན་པའི་མིག   །དགོས་པ་རྡུལ་དང་ལྕགས་ཕྱེ་དགཕྱེ་ལ་ཁབ་ལེན་རྡོ་དག་བཞིན།   །གཡའ་ཡིས་བསླད་པའི་སའི་སྙིང་པོ།   །སྦྱངས་པས་བཙོ་མར་འགྱུར་བ་བཞིན།   །བློ་གྲོས་དམན་ཡང་ལེགས་བཤད་ཀྱི།   །ཐོས་པ་ཆེ་ན་མཁས་པར་འགྱུར།   །རྣམ་དཔྱོད་ཤེས་རབ་ཆེ་ལྡན་པས།   །ལེགས་ཉེས་འབྱེད་ཀྱི་གཞན་གྱིས་མིན།   །དགོས་འདོད་སྩོལ་བའི་ནོར་བུ་ལས།   །རྡོ་བ་གཞན་གྱིས་ཅི་བྱར་ཡོད།   །དེ་ཕྱིར་མཁས་པར་འདོད་པ་དག   །ལེགས་པར་བཤད་པའི་རིན་ཆེན་ནོར།   །ཆེ་ཆུང་ཅི་འདྲ་འང་བཟུང་བྱས་ཏེ།   །ཡིད་རབ་མཛེས་པའི་ཕྲར་དགོད་བྱ།   །སྣོད་བཅུད་མཚན་མ་ཇི་སྙེད་པ།   །ས་ཆེན་འདི་ལ་བརྟེན་པ་བཞིན།   །ལུགས་ཟུང་བྱ་བའི་ཚོགས་མཐའ་དགམཐར་སོན་བསོད་ནམས་རག་ལས་སོ།   །དེས་ན་སྐྱབས་ཀྱི་ཕུལ་གྱུར་པ།   །མཆོག་གསུམ་བསམ་འཕེལ་དབང་གི་རྒྱལ།   །སྤྱི་བོའི་རྒྱན་དུ་ལེགས་བཏགས་ནས།   །མཆོད་སོགས་བསོད་ནམས་རྒྱུ་ཚོགས་སྒྲུབས།   །བྱ་བྱེད་གང་ཡང་བརྩད་བཅད་ཅིང་།   །མ་དྲིས་དོན་དག་མ་དཔོགས་པར།   །ལྷུར་ལེན་མི་རུང་རིན་ཆེན་ནོར།   །མ་མཐོང་ཉོ་བར་ཅི་ཕྱིར་ནུས།   །རང་ཅག་ཕལ་ཆེར་བཟང་ངན་གྱི།   །གྲོགས་ཀྱི་དབང་ལས་སྤྱོད་ཚུལ་ཀུན།   །སྟོན་པ་ཚོན་གྱིས་ཁ་བསྒྱུར་བའི།   །ཤེལ་རྣམས་ཁ་དོག་སྣ་ཚོགས་འཆར།   །དེས་ན་གྲོགས་ཀྱི་རྣམ་དབྱེ་ལ།   །ལེགས་པར་དཔྱད་དེ་བླང་དོར་གྱི།   །འཇུག་ལྡོག་བྱ་བ་དངུལ་ཆུ་ཡིས།   །་གསེར་དང་ལྕགས་ཕྱེ་འབྱེད་པ་བཞིན།   །འཕྲད་མ་ཐག་ནས་སྙིང་ཉེ་འདྲ།   །སྟོན་ཀྱང་སྨྲ་མང་གཡོ་སྒྱུ་ཆེ།   །ཕྲག་དོག་གདུག་རྩུབ་རྒྱུད་བརླམས་གྲོགས།   །རྟུག་པ་ཕྱིས་པའི་རྡོ་བཞིན་སྐྱུར།   །གང་དག་དྲང་ཞིང་ཤ་ཚ་ལྡན།   །བློ་གྲོས་དཀྱེལ་ཆེ་ཡོན་ཏན་དགའ།   །རྒྱུད་དུལ་ངང་རིང་བཟང་པོའི་གྲོགས།གསེར་ལྟར་སྙིང་གི་དཀྱིལ་དུ་ཆོངས།   །བྱ་གང་ཐོག་མར་རྩོམ་པའི་ཚེ།   །སླ་བཅོས་གཞན་རྗེས་རྒྱུག་མིན་པར།   །ཕུགས་དོན་བསམ་སྟེ་འབད་དགོས་པ།   །ཞིང་པས་སོ་ནམ་བྱེད་པ་བཞིན།   །རྣམ་འགྱུར་འདྲ་ཡང་ཕན་གནོད་ཀྱི།   །ལེ་ལན་མ་འདྲེས་སོ་སོ་རུ།   །གཞལ་དགོས་བཅོས་དང་མ་བཅོས་གསེར།   །ཁ་དོག་འདྲ་ཡང་ངོ་བོ་མིན།   །རང་རང་ཕུགས་ཀྱི་དོན་པོ་ཆེ།   །སྙིང་དུ་བཟུང་སྟེ་ཁ་སྒོ་རུ།   །དགོས་མེད་མི་འབྱིན་སྙིང་ནོར་དག   །གང་བྱུང་སྟོན་དུ་མི་རུང་བཞིན།   །ཞིང་པ་རྣམས་ཀྱི་ལུས་ངག་དག   །རྡུལ་དུ་བརླགས་ཏེ་འབད་བྱེད་པ།   །དེ་བཞིན་དོན་ཆེན་སྒྲུབ་པའི་ཚེ།   །ངལ་བ་སྤངས་ཏེ་བརྩོན་པ་དགོས།   །འདོད་པའི་དངོས་པོ་ཐོག་ལྷུང་ཚེ།   །ཅུང་ཟད་སྐྱོན་མཐོང་གཡེལ་མི་བྱ།   །ཟོང་མཆོག་མེར་སྲེག་ཕངས་གྱུར་ན།   །བཟོ་ཡི་རིག་བྱེད་ཇི་ལྟར་བྱ།   །ཤིན་ཏུ་དཀའ་བའི་བྱ་བ་ཡང་།   །འབད་པས་བསྒྲུབས་ན་འགྲུབ་འགྱུར་ཏེ།   །གྱོང་པོའི་ལྕགས་ཀྱང་བཞུ་བཏུལ་གྱིས།   །སྣ་ཚོགས་ཟོང་དུ་འགྱུར་བ་མཐོང་།   །གྱོང་པོའི་ལྕགས་ཀྱང་བཞུ་བཏུལ་གྱིས།   །སྣ་ཚོགས་ཟོང་དུ་འགྱུར་བ་མཐོང་།   །ཕྱི་ཚུལ་ངན་ཡང་ནང་ཉིད་དུ།   །ཡོན་ཏན་ཅི་ཡོད་ཤེས་དཀའ་བས།   །སྣང་ཆུང་མི་བྱ་ས་ལེ་སྦྲམ།   །ས་ཡི་འཇིང་ན་གནས་པ་བཞིན།   །འདོད་བརྣག་འཁྲེལ་བོར་ཡིད་བརྟན་མེད།   །གང་དག་ཕྱི་སྤྱོད་ལེགས་གྱུར་ཀྱང་།   །འགྲོགས་ན་གད་པ་གཡང་ས་ཁའི།   །ལྗོན་ཤིང་རྒྱས་ཀྱང་མྱུར་དུ་འགྱེལ།   །རང་ལས་དམའ་ཞིང་ཉམ་ཆུང་བར།   །བརྙས་སྨོད་ཐོ་ཅོའི་སྤྱོད་པ་དག   །མི་བྱ་རྡོ་བ་ཆུང་ངུ་ཡིས།   །བསྣད་ནས་སྲོག་དང་བྲལ་བ་མཐོང་།   །གཞན་ཟེར་ཚིག་ངག་གཡོ་སྒྱུ་ཡིས།   །བསླད་མིན་མ་བརྟགས་མ་དཔྱད་པར།   །བགྱིས་ན་ཉམས་འགྱུར་གོམ་གང་གིས།   །ས་གསུམ་ཤོར་བའི་གཏམ་དག་ཐོས།   །ཕན་གནོད་ལེགས་ཉེས་མི་དཔྱོད་པར།   །ལྟོ་འགྲང་ཙམ་ཞིག་དོན་གཉེར་བ།   །ཀུན་གྱིས་འཕྱ་ཞིང་མཐར་འབུད་པ།   །ངན་སྐྱུགས་དོར་བའི་ས་བཞིན་འགྱུར།   །ས་རུལ་མང་དག་རྨོས་བྱས་ཀྱང་།   །འབྲས་བུ་འབྱུང་བར་མི་འགྱུར་ལྟར།   །བློ་སྟོབས་བརྩོན་འགྲུས་མེད་པ་ཡིས།   །བྱ་གང་བརྩམས་ཀྱང་དོན་མི་འགྲུབ།   །གང་ཞིག་དགྲ་བོ་མཐོང་ཙམ་གྱིས།   །རྣམ་འགྱུར་སྡང་པ་སྟོན་བྱེད་པ།   །བྱིས་པ་ས་ལ་རྩེ་བ་བཞིན།   །བློ་ཆུང་ཀླད་མེད་ངང་ཚུལ་སྟོན།   །དེ་བས་དགྲ་བོ་དག་ལ་ཡང་།   །ཁ་མཁས་ཐབས་ཤེས་གང་གབ་ཀྱིས།   །ལན་ལྡོན་ལྕགས་ཀྱི་ཕ་བོང་ཡང་།   །ཞུ་བཏུལ་བགྱིས་ན་གཞོམ་པར་འགྱུར།   །འོན་ཀྱང་སྐབས་སུ་བབས་གྱུར་ན།   །ལག་ལེན་སྙིང་ཁམས་མི་ཆུང་བ།   །དགོས་པ་བྲག་རི་གཤོགས་པའི་ཕྱིར།   །རྫས་ངན་ལག་ཏུ་བསྟར་དགོས་བཞིན།   །གཞན་དུ་མཐོ་དམའ་ཅི་འདྲ་ཡང་།   །འཕྲད་ཚེ་ཁྱད་གསོད་སུན་འབྱིན་སོགས།   །བགྱིས་ནི་སྟེང་གནས་ཕ་བོང་དག   །བྲུས་ཚེ་རང་མགོར་ལྷུང་བར་འགྱུར།   །རྒྱུད་གྱོང་གཤིས་ངན་དམན་པའི་མིར།   །ལྷག་པར་བཏུད་ན་རེངས་གྱུར་ཏེ།   །རྡོག་པས་བརྫི་འགྱུར་འུག་ཅན་གྱི།   །ས་ལ་འགྲེ་ན་གནོད་པ་བཞིན།   །ཁང་ཁྱིམ་ཕུབ་ལ་བརྟེན་གནས་པའི།   །ས་བརྟེན་བཅའ་དགོས་དེ་བཞིན་དུ།   །དོན་རྣམས་སྒྲུབ་ལ་མཁས་མཛངས་པའི།   །རྗེ་བོ་ཞིག་ལ་བརྟེན་པར་བྱ།   །མཁས་པ་བསྟེན་ན་དགེ་གྱུར་ཏེ།   །ངན་པས་སྐྱོན་ལས་དེ་ལྟ་མིན།   །བསམ་འཕེལ་དབང་ལས་དགོས་འདོད་འབྱུང་།   །དུག་ཅན་ས་ཡིས་ཉམས་པར་འགྱུར།   །གདུག་ཅན་དྲིན་གྱིས་བསྐྱངས་ན་ཡང་།   །མཐར་གྱིས་དྲིན་ལན་གནོད་པ་རྩོམ།   །བྱི་བ་ས་ལ་གནས་གྱུར་ཀྱང་།   །ས་རྣམས་གཏོར་བར་བྱེད་ལ་ལྟོས།   །བྲག་རི་ཕྱི་ནས་བཅོམ་དཀའ་ཡང་།   །ཁོག་ནས་འབྱུང་བའི་ཆུས་འཇིག་སླ།   །ནད་ཉེས་བསླུས་པས་སྟོབས་ལྡན་ཡང་།   །ཡུད་ཀྱིས་གཞོམ་པར་གྱུར་འདི་མཚར།   །མཁས་དང་བློ་གྲོས་གཞུང་བཟང་པོས།   །ཅུང་ཟད་ཕན་པར་བགྱིས་གང་ལ།   །དེ་ལན་ལྷག་ལྡོན་བྱེད་པ་དགས།   །ཟླའི་མདངས་བཞིན་ཇེ་བཟང་འགྱུར།   །བློ་ལྡན་མཁས་ཤིང་རང་བཞིན་དྲང་།   །ངག་ལ་དོན་བཅོལ་གྲོས་དྲི་བྱ།   །གཞན་གྱིས་མ་ཡིན་གསེར་དག་དང་།   །ས་གཞན་མཚུངས་པར་ག་ལ་སྒྲུབ།   །ཉམ་ཆུང་གྱུར་དགྲ་ཡིན་ན།   །བག་གཟོན་བསྟེན་པར་བྱ་དགོས་ཏེ།   །གྲོག་ཧྲལ་ཆུང་ངུ་རིམ་མཆེད་པས།   །རི་བོ་རལ་བར་གྱུར་ལ་ལྟོས།   །རང་དོན་ཁོག་བཟུང་ཕྱི་ཚུལ་དག   །མི་ཤེས་ཟོབས་ཀྱི་བརྫུ་བག་ཅན།   །ར་གན་གསེར་རྩིས་བྱུགས་པ་ཡི།   །གཡོ་ཅན་དག་ལ་བག་གཟོན་དགོས།   །མཛའ་བཤེས་ཉེ་དུ་དག་ལ་ཡང་།   །ཧ་ཅང་བརྐམ་ཆགས་ཞེན་ན་ཕུང་།   །ཡིད་སྲུབས་སི་ཏར་ཆགས་པ་ཡིས།   །མགོ་བརོ་ས་ལ་ལྷུང་ཞེས་གྲགས།   །རྟག་ཏུ་ཁྲོ་བའི་དབང་སོང་བས།   །གཞན་ལ་ཚིག་ངན་སྨྲ་བྱས་ན།   །ཀུན་གྱིས་མི་བསྟེན་ས་རོང་དག   །རྩུབ་མོར་སུ་ཞིག་མོས་པ་བྱེད།   །གཞན་གྱིས་བཅོལ་བའི་དོན་དག་ལའང་།   །འགྲུབ་མིན་བརྟགས་ཏེ་ཁས་བླང་བྱ།   །གཞན་དུ་འབྲས་བུ་མི་འབྱུང་བའི།   །ཞིང་ལ་སོ་ནམ་སུས་བྱེད་ནུས།   །ནོར་རྫས་ཆུང་ངུ་དག་ལ་ཡང་།   །ཕངས་མེད་ཆུད་བཟོས་བྱ་མི་རུང་།   །ས་འཛིན་དག་ཀྱང་རྡུལ་ཕྲན་རྣམས།   །རིམ་གྱིས་འདུས་ལས་བྱུང་བ་བཞིན།   །དགོས་དོན་གྲུབ་ཚེ་སེར་སྣ་ཡིས།   །མ་བཅིངས་ལྷུག་པོར་གཏོང་བར་བྱ།   །རིན་ཆེན་ཁབ་བཟང་བཀང་ན་ཡང་།   །ཕན་ཐོགས་མ་གྱུར་གཞན་གྱི་ནོར།   །བསམ་མང་གྲགས་འདོད་ཤས་ཆེ་བས།   །བྱ་བ་སྣ་ཚོགས་རྩོམ་བྱེད་པ།   །རང་ཉིད་ཉམས་གཞི་ས་ཡི་བདག   །ང་ལས་ནུ་དང་མཚུངས་པར་འགྱུར།   །གཞན་སྐྱོན་མཐོང་སླ་རང་གི་སྐྱོན།   །མཐོང་དཀའ་ས་འོག་གཏེར་གནས་བཞིན།   །དེ་ཕྱིར་རང་ལ་ལེགས་བརྟགས་ནས།   །སྐྱོན་ཡོན་འབྱེད་པ་གནད་དུ་ཆེ།   །དེ་ལྟར་འཇིག་རྟེན་བྱ་བྱེད་དག   །མ་ནོར་སྤྱད་ནས་གཙོ་བོ་རུ།   །འདི་ཕྱིའི་དོན་སླད་དམ་ཆོས་ཀྱི།   །ཞིང་སར་འབད་པས་སོ་ནམ་མཇོད།   །དགོས་འདོད་འབྱུང་བའི་ནོར་བུ་དག   །དངུལ་དང་བརྗེ་བ་སུ་ཡིས་ཕོད།གཏན་བདེ་སྟེར་བའི་དལ་རྟེན་འདི།   །བདེ་བ་ཆུང་ངུས་གཡེང་ན་ཕངས།སྣ་ལྔའི་རིན་ཆེན་ཇི་སྙེད་དག   །ཀུན་བཟོད་གཞི་ལས་བྱུང་བ་ལྟར།   །ས་བཅུ་ལམ་ལྔའི་རྟོགས་པ་ཡང་།   །དལ་རྟེན་བཟང་པོ་འདི་ལས་གྲུབ།   །ཡོངས་འདུའི་ལྗོན་པའི་ཤིང་དག་གི   །རྩ་བ་དབང་ཆེན་གཞིར་གནས་ལྟར།   །དམ་ཆོས་རིན་ཆེན་འབྱུང་བའི་སྒོ།   །ཉག་གཅིག་ཡི་གེའི་སྦྱོར་བ་ལགས།   །དེ་དག་འབྲི་ཀློག་ཤེས་མིན་པ།   །དེ་ལ་ཡོན་ཏན་མི་འབྱུང་སྟེ།   །ས་གཞི་མེད་པར་ལྗོན་ཤིང་དང་།   །མེ་ཏོག་ལ་སོགས་ཇི་ལྟར་འབྱུང་།   །དེ་ཕྱིར་ཡི་གེའི་སྦྱོར་བ་ལ།   །མཁས་འདོད་ཀུན་གྱིས་ངལ་སྤངས་ཏེ།   །འབད་པ་བརྩོན་བསྐྱེད་བཙོ་སྦྱངས་གསེར།   །བཞུ་བཏུལ་དག་ལ་འབད་དགོས་བཞིན།   །རྒྱུས་མེད་ས་གཞན་ཞུགས་པའི་ཚེ།   །ས་མཁས་དག་ལ་བརྟེན་དགོས་ལྟར།   །ཆོས་ཀྱི་གནད་དོན་མ་ནོར་པ།   །སྟོན་པའི་བཤེས་གཉེན་ཚུལ་བཞིན་བསྟེན།   །གང་དུ་བགྲོད་བྱའི་ས་དག་གི   །གནས་ལུགས་མ་འདྲེས་དཔྱད་དགོས་བཞིན།   །ཆོས་ཚུལ་འབྱེད་པའི་ཐོས་པ་དག   །ངོམས་མེད་འཚོལ་ལ་ཀུན་ཏུ་འབད།   །ཆུ་ཡིས་ནོན་པའི་ས་གང་དག   །མྱུར་དུ་བརྡིབ་པར་འགྱུར་བ་ལྟར།   །ཚེ་འདི་ཉིད་ཀྱང་ཡུན་རིང་དུ།   །མི་སྡོད་ལྔ་བའི་ལམ་དུ་འགྲོ།   །ལམ་གང་ཞུགས་ཚེ་རྐང་པ་ཡི།   །འདེགས་འཇོག་རེ་ནས་ཉེར་འགྱུར་བ།   །དེ་བཞིན་ལོ་ཟླ་ཞག་གི་དངོས།   །རིམ་སོང་འཆི་བདག་ཉེ་བར་འགྱུར།   །ནམ་ཞིག་གཤིན་རྗེའི་ཕོ་ཉ་ཡིས།   །དབང་མེད་ཁྲིད་ཚེ་གང་གིས་ཀྱང་།   །ཕན་པར་དཀར་བ་ས་ཆེན་དག   །གཡོ་བ་སུ་ཡིས་འཛིན་པར་ནུས།   །དེ་ཚེ་ཕན་པའི་དངོས་པོ་གང་།   །འདོད་དགུ་ཡིད་བཞིན་སྩོལ་བའི་གཏེར།   །དམ་ཆོས་རིན་ཆེན་ནོར་བུ་དག   །ཁོ་ན་ལས་གཞན་དམིགས་སུ་མེད།   །དེ་ཕྱིར་ལྟར་སྣང་བསྲེ་ལྷད་ཀྱི།   །གཡའ་ཡིས་མ་བཅིངས་དགེ་ལྡན་པའི།   །ལུགས་བཟང་ཆོས་ཚུལ་བཙོ་མ་ཡི།   །གསེར་སྦྱངས་དག་ལ་བརྟུན་པ་བསྐྱེད།   །ཕྱི་བཤོལ་ལེ་ལོའི་དབང་གྱུར་པས།   །བྱ་གང་ཕྲ་མོའང་འགྲུབ་དཀའ་ན།   །གཏན་བདེའི་ཕན་པའང་སྒྲུབ་བྱེད་པའི།   །ནོར་བུ་ཅིའི་ཕྱིར་ལག་ཏུ་ལོན།   །དེས་ན་གཞོན་ནུའི་དུས་ཉིད་ནས།   །འདུ་འཛི་སྤངས་ཏེ་དམ་ཆོས་ལ།   །གཅིག་ཏུ་བརྩོན་པ་རི་དབང་བཞིན།   །ནམ་ཡང་གཡོ་བ་མེད་པར་བྱ།   །ལང་ཚོ་ཡོལ་ཚེ་འབད་སེམས་ཀྱང་།   །འབྱུང་སྟོབས་དབང་པོ་ཉམས་གྱུར་པས།   །ཚུལ་བཞིན་མི་འགྲུབ་རྩི་རང་སར།   །སོ་ནམ་བྱེད་པར་དཀའ་བ་བཞིན།   །འཇིག་རྟེན་ཕ་རོལ་བགྲོད་པའི་ཚེ།   །ནག་པོའི་ལས་མཐའ་ཕྱིར་འབྲངས་ནས།   །དཔག་ཚད་དུ་མའི་གཡང་ས་ཆེར།   །ལྷུང་སྟེ་ངན་སོང་སྡུག་བསྔལ་མྱོང་།   །རབ་འབར་མེ་ལྕེའི་འཕྲེང་བ་ཡིས།   །ཕྱོགས་བཞིར་ཁེབས་པའི་ནང་ཉིད་དུ།   །སྐྱེས་ཏེ་ལྕགས་བསྲེགས་ས་གཞི་ལ།   །འདྲུད་ཅིང་བསྲེགས་པས་གདུང་བར་འགྱུར།   །འགའ་ཞིག་གྲང་རེག་མི་བཟང་པས།   །རྡོ་བ་དག་ཀྱང་གས་གྱུར་པའི།   །འཁྱུག་རོམ་གནས་སུ་ཤ་རུས་དག   །སོ་སོར་འབྱེད་པའི་ཚོར་བ་མྱོང་།   །ལ་ལ་གླིང་དབར་ས་ཡི་སྟེང་།   །ཉི་མཚན་བདེ་སྡུག་རེ་མོས་སོགས།   །ཉི་ཚེའི་དམྱལ་བས་སྡུག་བསྔལ་ཚུལ།   །སྔོན་གྱི་བྱུང་བ་ལས་འབྱུང་བཞིན།   །ལོ་ནི་དུ་མའི་བར་དག་ཏུ།   །ཁ་ཟས་རྡུལ་ཕྲན་ཙམ་ལ་ཡང་།   །སྤྱོད་པའི་སྐབས་བྲལ་བཀྲེས་སྐོམ་གྱི།   །གདུང་བས་གཟིར་བའི་ངང་ཚུལ་སོམས།   །ལྗན་ལྗིན་ས་འོག་མི་གཙང་ཁྲོད།   །ཉམ་ངར་གཅིག་ལ་གཅིག་ཟ་ཞིང་།   །བཀོལ་སྤྱོད་བརྡེག་སོགས་སྣ་ཚོགས་ཀྱིས།   །གཙེས་པའི་དུད་འགྲོ་ཇི་ལྟར་བཟོད།   །དེ་ལྟའི་ངན་སོང་མི་བཟད་པའི།   །དུ༔་ཁའི་ཚོགས་ལས་སྐྱོབ་པ་དག   །ས་གསུམ་ལུས་མེད་འགྲོ་བའི་སྐྱབས།   །རིན་ཆེན་རྣམ་པ་གསུམ་དུ་ངེས།   །ཆུ་ཀླུང་འཛོམས་པའི་ཞིང་སར་ཡང་།   །ས་བོན་མ་བཏབ་སྐྱེ་མི་རུང་།   །དེ་ཕྱིར་ཡིད་ཆེས་མོས་གུས་ཀྱི།   །རྒྱུ་ཚོགས་མ་འབད་སྐྱབས་པར་དཀའ།   །དེས་ན་ལེགས་བྱས་རྣམ་དཀར་གྱི།   །མྱུ་གུའི་ཚོགས་རྣམས་དད་པའི་སྟོབས།   །གསོལ་འདེབས་དྲོད་གཤེར་གྱིས་བསྐྱངས་ན།   །མངོན་མཐོ་ངེས་ལེགས་འབྲས་སྨིན་འགྱུར།   །ས་སྟེང་ས་བླར་གནས་པ་ཡི།   །ལྷ་མིའི་དཔལ་འབྱོར་ཕུན་ཚོགས་ཀྱང་།   །སྐྱེ་རྒ་ན་འཆིའི་རྡུལ་དག་གིས།   །གོས་པར་འགྱུར་ལས་གཞན་དུ་ཅི།   །སྲིད་འབྱོར་དཔལ་ཡོན་ལ་ཞེན་པ།   །སྡུག་བསྔལ་འབྱུང་བའི་རྒྱུར་འགྱུར་བ།   །ས་ཡི་སྦྲང་རྩི་སྤྱོད་ཆེས་པས།   །ཟུག་རྔུས་གཙེས་པའི་ཚུལ་དག་ཐོས།   །སྲིད་རྩེ་ནས་བཟུང་མནར་མེད་བར།   ས་གསུམ་ཡངས་པའི་ཁྱོན་དག་ལ།   །དབང་མེད་རྒྱུ་ཞེང་འཁོར་བྱེད་པའི།   །རྟེན་འབྲེལ་བཅུ་གཉིས་གནས་ལུགས་སྒོམས།   །ཁམས་གསུམ་འཁོར་བའི་ས་གང་དག   །ཉེས་བརྒྱའི་འབྱུང་གནས་སུ་རིག་ནས།   །ཐར་པའི་མཁའ་དབྱིངས་བགྲོད་པ་ཡི།   །ལམ་མཆོག་སྒྲུབ་ལ་བརྟུན་པ་བསྐྱེད།   །ཐོག་མེད་དུས་ནས་དྲིན་བསྐྱངས་པའི།   །མར་གྱུར་འགྲོ་རྣམས་སྡུག་བསྔལ་གྱིས།   །ས་འོག་མུན་པར་གནས་དག་ལ།   །སྙིང་རྗེའི་སྒྲོན་མེ་སྦར་བར་བྱ།   །རང་བདེ་ཙམ་ཞིག་དུད་འགྲོ་ལའང་།   །ཡོད་ཕྱིར་དེས་ཆོག་མི་བྱ་བར།ངེས་ལེགས་འགྲུབ་པའི་ས་ཡི་རྟེན།   །བདག་གཞན་མཉམ་བརྗེར་ཉམས་ལེན་ཟུངས།མི་གཙང་ལུས་ཀྱི་ས་ཡི་ཁམས།   །སྐུ་གསུམ་རིན་ཆེན་ཟོང་མཆོག་ཏུ།   །སྒྱུར་བྱེད་གསེར་སྒྱུར་རྩི་ཡི་མཆོགབྱང་ཆུབ་སེམས་ལ་ནན་ཏན་མཛོད།   །ནོར་རྫས་སྒྱུ་མའི་ཕུང་པོ་ལ།   །སེར་སྣའི་མདུད་པས་མ་བཅིངས་པར།   །རིན་ཆེན་རྣམ་བཞིའི་སྦྱིན་པ་ཡིས།   །དབུལ་ཕོངས་ཡོངས་ལ་གཏེར་ཁ་སྤེལ།   །གང་དག་མངོན་མཐོ་ངེས་ལེགས་ཀྱི།   །ཕུན་ཚོགས་ཇི་སྙེད་འབྱུང་བའི་གཞི།   །ཚུལ་ཁྲིམས་གཙང་མའི་ཞིང་ས་ལ།   །གཏན་དུ་བདེ་བའི་སོ་ནམ་མཛོད།   །རྡེག་འཆའ་ཚིག་རྩུབ་མི་བཟད་པའི།   །མཚོན་ཆ་འབར་བ་རབ་བསྣུས་ཀྱང་།   །བཟོད་པའི་ལྕགས་ཀྱི་ར་བ་ཡིས།   །ཀུན་གཞིའི་ས་ཁང་བསྲུང་བར་བྱ།   །ལེ་ལོ་གཡེང་བའི་རྐུན་པོ་ཡིས།   །དགེ་བའི་ནོར་མཆོག་ཁྱེར་གྱི་དོགས།   །བརྩོམ་འགྲུས་ལྕགས་སྒྲོག་འཁྱུད་མོ་ཡིས།   །དབང་པོའི་སྒོ་རྣམས་ཡོངས་སུ་སྡོམས།   །དགེ་བའི་དམིགས་པ་གང་ལ་ཡང་།   །དབང་པོའི་སྒོ་རྣམས་ཡོངས་སུ་སྟོམས།   །དགེ་བའི་དམིགས་པ་གང་ལ་ཡང་།   །གཏད་ན་གཞན་དུ་མི་འགྱུར་བའི།   །ཏིང་འཛིན་རི་ཡི་དབང་པོ་ལ།   །གཡོ་མེད་དྲན་པས་དམ་དུ་ཟུངས།   །གཉིས་སྣང་སྤྲོས་པ་ཀུན་བྲལ་བའི།   །བདེན་མེད་ཡེ་ཤེས་ཐོག་མདའ་ཡིས།   །ངར་འཛིན་འཇིག་ལྟའི་རི་བོ་དག   །ཕྱེ་མར་བརླག་པའི་ཐབས་ལ་འབད།   །རྨི་ལམ་བདེན་པར་གྲུབ་མིན་ཡང་།   །བདེ་སྡུག་མཚན་མ་སྟོན་པ་ལྟར།   །སྟོང་པའི་ཞིང་ས་རྟེན་འབྱུང་གི།ལོ་འབྲས་སྨིན་པའི་ཚུལ་དག་གཟིགས།   །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ནས།   །རྣམ་དག་དབང་གི་གཞིར་གནས་པའི།   །དམ་ཚིག་སྡོམ་པའི་ཀ་བ་དག   །བརྟན་པོ་སྒྲུབ་པའི་ཐབས་ལ་བརྩོན།   །སྣོད་བཅུད་འཛིན་མའི་ཁྱོན་ཡངས་པོར།   །ཐ་མལ་ཞེན་པ་རབ་བཀག་སྟེ།   །གང་སྣང་འཁོར་ལོར་འཆར་བྱེད་པའི།བསྐྱེད་རིམ་རྣལ་འབྱོར་མཆོག་ལ་བརྩོན།   །ཆོས་དབྱིངས་རྣམ་དག་རྩིག་པའི་ངོས།   །མཚན་དཔེའི་ཚོན་རིས་བཀྲ་བའི་སྐུ།   །ཏིང་འཛིན་པིར་གྱིས་ཉེར་སྒྲུབ་པས།   །ཟུང་འཇུག་སྒྲུབ་ལ་གཅིག་ཏུ་བརྩོན།   །དེ་ནས་སྤྲུལ་སྒྱུར་སྣ་ཚོགས་པས།   །རྒྱ་མཚོའི་གོས་ཅན་གཞིར་གནས་པའི།   །ཡིད་ཅན་མཐའ་དག་ཀུན་མཁྱེན་གྱི།   །ཡེ་ཤེས་ས་ལ་འགོད་པར་སྨོན།   །ལུགས་གཉིས་འོད་བརྒྱ་འབར་བ་ཡི།   །ལེགས་བཤད་དབྱིག་གི་འཕྲེང་བ་འདི།   །དམ་པ་རྣམས་ལ་འོས་མིན་ཡང་།   །བློ་གསར་རྒྱན་དུ་ཕན་སྙམ་བྲིས།   །འདི་ཡི་དགེ་ཚོགས་བསམ་འཕེལ་དབང་།   །འདོད་པ་འཇོ་བ་དེ་ཡི་མཐུས།   །དྲི་མེད་རྒྱལ་བསྟན་འཛིན་མའི་གཞིར།   །སྲིད་མཐའི་བར་དུ་འཕེལ་གྱུར་ཅིག  

ཅེས་ལེགས་པར་བཤད་པ་སའི་བསྟན་བཅོས་ལུགས་གཉིས་འོད་བརྒྱ་འབར་བའི་དབྱིག་གི་འཕྲེང་བ་ཞེས་བྱ་བ་འདི་ནི།   སྤྱིར་འཇིག་རྟེན་གྱི་བྱ་བྱེད་ལེགས་བཤད་ཀྱི་ཚིགས་སུ་འདོམས་པར་བྱ་བའི་དབང་གིས་མི་དགེ་བའི་རྒྱུར་གྱུར་པས།   བསླབ་ལྡན་རྣམས་ལ་ལྟུང་བ་འབྱུང་བའི་གཞི་སོགས་དགག་བྱ་ཆེ་ཡང་།   སྔོན་བྱོན་གོང་མ་རྣམས་ཀྱིས་ལུགས་ཟུང་གི་བསྟན་བཅོས་མཛད་འདུག་པའི་རྗེས་སུ་འབྲངས་ཤིང་།   ལྷག་པར་དུས་དབང་གིས་བྱང་ཆུབ་ལམ་གྱི་རིམ་པ་སོགས་ཟབ་ཅིང་རྒྱལ་ཆེའི་ལེགས་བཤད་རིན་པོ་ཆེའི་གཏེར་ཆེན་པོ་དག་ལའང་རང་རང་གི་ལོག་ཞུགས་བྱ་སྤྱོད་དང་འགལ་བའི་དབང་རྒྱུར་ཐོས་བསམ་ལྷུར་ལེན་པ་དཀའ་བར་སྣང་ཞིང་།   ཕལ་མོ་ཆེ་ཚེ་འདིའི་སྣང་ཤས་ཁོ་ནས་ཚུལ་འདི་ལྟར་སྟོན་པ་དག་ལ་གཙིགས་སུ་ཆེ་བས་འདི་ལྟའི་ངང་ནས་བློ་རིམ་གྱིས་ཆོས་ཕྱོགས་སུ་འགྱུར་བའང་སྲིད་སྙམ་པས་ཀུན་བསླངས་ཐོག་དྲུང་ན་འཁོད་པ་ལཀྵྦཱི་མིང་ཅན་ནས་འདི་ལྟར་དགོས་ཞེས་བསྐུལ་བ་བཞིན།   ༧ཤཱཀྱའི་དགེ་སྦྱོང་ངྷརྨ་སཱུརྱས་འཕགས་པ་འཇམ་དཔལ་གྱི་ཞིང་མཆོག་རི་བོ་དྭངས་བསིལ་གྱི་གནྡྷོ་ལར་སྦྱར་བའོ།  

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716