སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པས་འཁྲབ་རྩལ་ངོམ་པ།
སྤེལ་དུས། 2016-11-01   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་པ་པོ།  ཤ་ཚེས་བསྒྱུར།
          འོང་སྐོར་གཏོང་བའི་དུས་ཚིགས་སླེབས་པ་དང་བསྟུན་ནས། ལྷ་ས་ཡོན་ཏ་འཛུགས་སྐྲུན་རྒྱུ་ཆ་ཚད་ཡོད་འགན་འཁྲི་ཀུང་སིའི་སྒོ་རའི་ནང་རྣམ་ཀུན་ལས་འཁྲུག་ཆ་དོད་ཅིང་། ལྷ་ས་གྲོང་ཁུལ་དང་། སྟོད་ལུང་བདེ་ཆེན། ཆུ་ཤུར། སྟག་རྩེ་སོགས་ནས་ཡོང་བའི་སྡེ་ཁུལ་ལས་བྱེད་པ་དང་གྲོང་ཚོའི་ལས་བྱེད་པས་རླངས་འཁོར་བསྡད་དེ་ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པ་གཤམ་སྐྱོད་འཁྲབ་སྟོན་བྱེད་པར་གདན་དྲངས་རྒྱུའི་སྐོར་གྲོས་བསྡུར་བྱེད་པར་ཡོང་། ལོ་མང་རིང་། འོང་སྐོར་གཏོང་རིམ་བཞིན་ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པ་སྡེ་ཁུལ་དང་གྲོང་ཚོའི་ནང་འཁྲབ་སྟོན་བྱེད་པར་གདན་ཞུ་བྱ་རྒྱུ་དེ་གོམས་གཤིས་སུ་གྱུར་ཡོད། ལོ་ལྟར་གྱི་ཟླ་བདུན་པ་དང་བརྒྱད་པར། ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པས་གཤམ་སྐྱོད་འཁྲབ་སྟོན་ཐེངས་50ཙམ་བྱེད་དགོས་ཀྱི་ཡོད་པས་ཁོང་ཚོ་སྔ་ས་ནས་ཞིང་འབྲོག་པའི་སེམས་ནང་གི་གྲགས་ཅན་མི་སྣར་གྱུར་ཡོད།
          “ཞིང་པ་ཚོར་འཁྲབ་སྟོན་བྱ་རྒྱུ་བྱུང་ན་ང་ཚོ་ཧ་ཅང་དགའ་པོ་འདུག”
          ལོ་ལྟར་གྱི་ཟླ་བདུན་པའི་ཟླ་སྟོད་ནས་ཟླ་བརྒྱད་པའི་ཟླ་མཇུག་བར་ནི་ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པ་བྲེལ་བ་ཆེ་ཤོས་ཀྱི་དུས་ཡིན་ཞིང་། གང་ལགས་ཤེ་ན། དེའི་རིང་བོད་ཀྱི་སྲོལ་རྒྱུན་འོང་སྐོར་གཏོང་འགོ་ཚུགས་པས་ལྷ་སའི་མཐའ་འཁོར་གྱི་གྲོང་ཚོ་ཁག་གིས་ཟླ་གཅིག་སྔ་སྣུར་གྱིས་འཁྲབ་སྟོན་བྱེད་པར་གདན་ཞུ་བྱེད་ཀྱི་ཡོད་པས་ཡིན།
          འཁྲབ་སྟོན་བྱེད་རིམ་བཞིན། སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་ཞོགས་པའི་ཆུ་ཚོད་8པར་སྟོད་ལུང་བདེ་ཆེན་ཆུས་སུ་གནས་པའི་ཡོན་ཏ་ཀུང་སི་ནས་ཐོན་ཏེ་ཆུ་ཚོད་9པར་འཁྲབ་སྟོན་བྱ་ཡུལ་གྲོང་ཚོར་འབྱོར་གྱི་ཡོད། གྲ་སྒྲིག་གང་ལེགས་བྱས་རྗེས་ཆུ་ཚོད་10པར་འཁྲབ་སྟོན་འགོ་ཚུགས་པ་དང་། ཆུ་ཚོད་དང་པོར་དགུང་ཟས་ཟ་བ། ཆུ་ཚོད་2པར་མུ་མཐུད་འཁྲབ་སྟོན་བྱས་ཏེ་ཆུ་ཚོད་7པའི་གཡས་གཡོན་དུ་གཞི་ནས་མཇུག་འགྲིལ་གྱི་ཡོད།
          འཁྲབ་སྟོན་པ་ཚོ་དགུང་ཟས་ཟ་སྐབས་ལྟད་མོ་ལྟ་མཁན་རྣམས་ཀྱང་ཁྱིམ་དུ་ལོག་གི་མེད་ཅིང་། ཁོང་ཚོས་སོ་སོས་འཁྱེར་བའི་ཟ་མ་བཟས་ཏེ་མུ་མཐུད་འཁྲབ་སྟོན་བྱ་རྒྱུ་སྒུག་ནས་སྡོད་ཀྱི་ཡོད།
          གྲོང་ཚོ་ཁག་གི་མང་ཚོགས་ཚོའི་དགུང་ཟས་སྤྱིར་བཏང་ཞོག་ཁོག་དང་། ཤ། དེ་བཞིན་མོག་མོག་དང་འབྲས་སོགས་རེད། “ད་ཆ་གྲོང་གསེབ་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། གྲོང་མི་ཚོས་ང་ཚོར་ཕྲུ་གུ་ལྟར་ལྟ་རྟོག་བྱེད་ཀྱི་འདུག དེ་སྔ་ཆ་རྐྱེན་ཞན་པའི་སྐབས་སུ་ང་ཚོའི་ཏུང་ཧྲི་ཀྲང་གིས་མི་སེར་གྱི་ཁུར་པོ་ལྕི་རུ་མི་གཏོང་བའི་ཆེད། ཚང་མར་མོག་མོག་དང་བག་ལེབ་སོགས་འཁྱེར་ནས་གཤམ་སྐྱོད་བྱེད་དུ་འཇུག་གི་ཡོད”ཅེས་ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པའི་རུ་དཔོན་བུ་ཆུང་གིས་བཤད།
          “གཤམ་སྐྱོད་འཁྲབ་སྟོན་བྱེད་པ་ནི་གླིང་ཁ་གཏོང་བ་ལྟར་ཡིན་པས་ང་ཚོ་ཧ་ཅང་དགའ་པོ་ཡོད། འཁྲབ་སྟོན་བྱེད་སྐབས་ལྟད་མོ་བའི་དགོད་སྒྲ་དང་ཐལ་མོའི་རྡེབ་སྒྲ་བཅོས་མིན་ཡིན་པས་ང་ཚོའང་སྤྲོ་བ་ཆེན་པོ་འཕེལ་བ་མ་ཟད་སེམས་ཤུགས་ཀྱང་ཧ་ཅང་ཆེ་རུ་འགྲོ་གི་འདུག བབ་ཆགས་པའི་གྲོང་མི་རྣམས་ཀྱིས་ང་ཚོར་བརྩི་འཇོག་ཆེན་པོ་བྱེད་ཀྱི་འདུག འཁྲབ་སྟོན་མཇུག་འགྲིལ་སྐབས་ང་ཚོར་ཁ་བཏགས་གཡོགས་པ་དང་། ཆང་འགྱོགས་པ། ཕྱི་པོ་ཆགས་ཚེ་ང་ཚོར་དགོང་ཟས་གྲ་སྒྲིག་བྱེད་འཇུག་པ། ང་ཚོའི་རླངས་འཁོར་ཐོན་ཀྱང་ཁོང་ཚོས་སྔར་བཞིན་ལག་པ་གཡུགས་ནས་ཕེབས་སྐྱེལ་ཞུ་བ་སོགས་ལས་ཁོང་ཚོས་སེམས་གཏིང་ནས་དགའ་ཞེན་དང་བརྩི་འཇོག་བྱེད་པ་མཚོན་ཐུབ་པས་ང་ཚོར་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཀྱི་འདུག”ཅེས་འཁྲབ་སྟོན་པ་བདེ་སྐྱིད་མཚོ་མོས་བཤད།
          གྲོང་མི་མང་པོ་ཞིག་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་ལྟ་རྒྱུར་ཧ་ཅང་དགའ་པོ་ཡོད་པས་གང་དུ་འཁྲབ་སྟོན་ཡོད་ཚེ་དེ་གར་བསྐྱོད་དེ་འོང་སྐོར་གཏོང་ཐེངས་གཅིག་ལ་འཁྲབ་སྟོན་ཐེངས་འགའ་ཤས་ལྟ་གི་ཡོད་ཅེས་བཤད།
བབ་ཆགས་པའི་གཤིས་རྒྱུད་ལ་ཕྱོགས་ཁག་གི་བརྩི་འཇོག་ཐོབ་པ།
          ཡོན་ཏ་ཀུང་སིའི་ཏུང་ཧྲི་ཀྲང་བློ་བཟང་སྦྱིན་པས་དུས་རྒྱུན་དུ་ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པའི་འཕེལ་རྒྱས་དང་འཛུགས་སྐྱོང་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། འཁྲབ་སྟོན་པའི་གསོ་སྦྱོང་ཐད་ཆེད་ལས་རྩལ་ནུས་ལ་མཐོང་ཆེན་བྱེད་པ་ཕུད། ཁོང་གིས་འཁྲབ་སྟོན་པའི་མི་སྒེར་གྱི་བློ་སྦྱོང་དང་ཀུན་སྤྱོད་སློབ་གསོར་དེ་བས་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་དུས་རྒྱུན་དུ་འཁྲབ་སྟོན་པ་ཚོར“ཁྱོད་ཚོ་འཁྲབ་སྟོན་པ་ཞིག་ཡིན་པའི་ངོས་ནས་རང་གཅེས་བྱེད་དགོས་པ་དང་ལས་བཀུར་གྱི་བསམ་བློ་དགོས། འགོ་ཁྲིད་ལ་འཁྲབ་སྟོན་བྱེད་པ་ཡིན་ནའང་འདྲ། ཡང་ན་ཞིང་འབྲོག་པར་འཁྲབ་སྟོན་བྱེད་པ་ཡིན་ཡང་རུང་། ཚང་མར་ལྟ་སྟངས་གཅིག་པ་འཛིན་དགོས། ཁྱོད་ཚོ་ནི་ཞིང་པ་ལས་མིའི་བུ་ཕྲུག་ཡིན་པས་གྲོང་གསེབ་ལ་ཕྱིན་ནས་འཁྲབ་སྟོན་བྱེད་སྐབས་ཆ་རྐྱེན་སྐྱོ་པོ་ག་ཚོད་ཡོད་ཀྱང་འཁང་ར་བྱེད་མི་རུང་། ཁོང་ཚོས་ཆ་རྐྱེན་བཟང་ཤོས་ཁྱེད་ཚོར་མཁོ་འདོན་བྱས་ཡོད་པས་གཅེས་སྤྲས་བྱེད་དགོས”ཞེས་ཤོད་ཀྱི་ཡོད།
          དེར་བརྟེན། ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པ་གང་དུ་སླེབས་ནའང་དེ་གར་བསྔགས་བརྗོད་ཀྱིས་ཁེངས་ཀྱི་ཡོད།
          གཞི་རིམ་དུ་འཁྲབ་སྟོན་བྱེད་པ་ཙམ་མ་ཡིན་པར་ལོ་ལྟར་གྱི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་འཁྲབ་སྟོན་ཐོག་བློ་བཟང་སྦྱིན་པས་སྐུལ་སློང་ཚོགས་འདུ་འཚོགས་ཀྱི་ཡོད། ཁོང་གིས་འཁྲབ་སྟོན་པ་ཚོར“ཁྱེད་ཚོས་ཡོན་ཏ་ཀུང་སི་དང་ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པའི་ཚབ་བྱེད་ཀྱི་ཡོད་པས་ངེས་པར་དུ་གྱོན་ཆས་བབ་ཆགས་པོ་གོན་པ་དང་། ཡ་རབས་གུས་ཞབས། ཆང་རག་མི་འཐུང་བ། སྒྲིག་ཁྲིམས་ལ་བརྩི་སྲུང་། ལེ་ཚན་རྩོམ་སྒྲིག་དང་འཁྲབ་ཁྲིད་དགེ་རྒན་ལ་བརྩི་འཇོག རིག་རྩལ་ཚོགས་པ་གཞན་དག་གི་མི་སྣ་དང་འཆམ་པོ་བཅས་བྱེད་དགོས། བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ལ་་ཞུགས་པ་ནི་ཆབ་སྲིད་ཀྱི་ལས་འགན་ཞིག་ལེགས་སྒྲུབ་བྱེད་པ་ཙམ་མིན། ཁྱེད་ཚོས་ནང་སྦྱོང་དང་འཁྲབ་སྟོན་དེ་རིགས་བརྒྱུད་རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་ལས་ང་ཚོའི་ཀུང་སི་དང་སྒྱུ་རྩལ་ཚོགས་པའི་མིང་གྲགས་ལ་མ་གནོད་པ་བྱེད་དགོས”ཞེས་ཤོད་ཀྱི་ཡོད།
          བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བོད་ཀྱི་ལོ་གསར་མཚན་ཚོགས་འཁྲབ་སྟོན་ཚོགས་ཆུང་གི་ལས་དོན་མི་སྣས“ང་ཚོ་ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པར་དགའ་པོ་ཡོད། ཁོང་ཚོས་སྒྲིག་ཁྲིམས་ཡག་པོ་སྲུང་བ་དང་། བཀོད་སྒྲིག་བྱེད་སླ་བ། དཀའ་ངལ་ཁྱད་བསད་ཐུབ་པ། ནང་སྦྱོང་བྱེད་སྐབས་ཆུ་ཚོད་ཕྱེད་ཀ་སྔོན་ལ་སླེབས་པ། ཆ་རྐྱེན་གང་ཡང་མི་འདོན་པ། སྡུག་ཡུས་མི་ཤོད་པ་བཅས་ཆེད་ལས་ཀྱི་སྙིང་སྟོབས་ལྡན་ཡོད་པས་ང་ཚོ་རྩོམ་སྒྲིག་པ་དང་འཁྲབ་ཁྲིད་པ་ཚང་མ་ཁོང་ཚོ་དང་མཉམ་ལས་བྱེད་འདོད་ཡོད”ཅེས་བཤད།
          “ལོ་ལྟར་གྱི་འོང་སྐོར་སྐབས་ང་ཚོ་ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་ལེ་ཚན་ལྟ་རྒྱུར་དགའ་པོ་ཡོད། ཁོང་ཚོའི་ལེ་ཚན་ལྟད་མོ་ཆེ་ལ་འཁྲབ་སྟོན་དུས་ཚོད་ཀྱང་རིང་བས་བློ་ཡིད་ཚིམ་པ་ཞིག་ལྟ་རྒྱུ་ཡོང་གི་འདུག ལོ་ལྟར་གྱི་འོང་སྐོར་སྐབས་ང་ཚོས་གྲོང་ཚོའི་ལས་བྱེད་པར་ཡོན་ཏ་སྒྱུ་རྩལ་ཚོགས་པ་གདན་མ་དྲངས་ན་འོང་སྐོར་ལ་སྙིང་པོ་མི་འདུག་ཅེས་ཤོད་ཀྱི་ཡོད”ཅེས་པ་དེ་ནི་སྟོད་ལུང་བདེ་ཆེན་དང་། ཆུ་ཤུར། སྟག་རྩེ་སོགས་ཀྱི་གྲོང་མིའི་སེམས་ནང་གི་སྐད་ཆ་རེད།
          ཆུ་ཤུར་རྫོང་ཆུ་ཤུར་གྲོང་ཚོའི་ལས་བྱེད་པས“ང་ཚོ་ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པར་དགའ་པོ་བྱེད་དོན་ནི་ཁོང་ཚོའི་འཁྲབ་ཚན་ལྟད་མོ་ཆེན་པོ་ཡོད་པ་མ་ཟད། ཁོང་ཚོར་སྣེ་ལེན་ཞུ་བདེ་པོ་ཡོད་པས་ཡིན། ཁོང་ཚོས་ཟས་ཡག་སྡུག་ལ་མི་ལྟ་བ་དང་། ཆ་རྐྱེན་ལ་མི་ལྟ་བ། སྤོབས་ཉམས་མི་འདོན་པས་ང་ཚོ་ཧ་ཅང་དགའ་པོ་ཡོད”ཅེས་བཤད་བྱུང་།
          ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པས་སྡེ་ཁུལ་དང་། དཔུང་སྡེ། ལས་ཡུལ། གྲོང་གསེབ་བཅས་སུ་འཁྲབ་སྟོན་བྱེད་ཀྱི་ཡོད། རྒྱུན་དུ་སྤྱི་ཕན་འཁྲབ་སྟོན་བྱས་པའི་དངུལ་གྱིས་འཁྲབ་སྟོན་པ་ཚོའི་ཁ་གསབ་ཀྱང་འདང་གི་མེད། དེར་བརྟེན་འཁྲབ་སྟོན་དེ་འདྲ་བྱེད་ཐེངས་རེར་ཀུང་སིར་གྱོང་གུན་རེ་ཕོག་གི་ཡོད། འོན་ཀྱང་ཞིང་འབྲོག་པར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད་གྱོང་གུན་ཕོག་ཀྱང་ཡོན་ཏ་ཀུང་སིས་མུ་མཐུད་འཁྲབ་འདོད་བྱེད་ཀྱི་ཡོད།
          “ང་ཚོས་ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་ཤས་གོང་ང་ཚོའི་གྲོང་ཚོའི་ཡུལ་མིས་འཁྲབ་སྟོན་ལྟ་འདོད་ཀྱང་དངུལ་མེད་སྟབས་གྲོང་མིའི་ས་ནས་བསྡུ་རྒྱུ་ལས་ཐབས་གཞན་མེད། གནས་ཚུལ་དེ་ཡོན་ཏ་ཀུང་སིའི་ཏུང་ཧྲི་ཀྲང་གིས་ཤེས་རྗེས་སྒྱུ་རྩལ་ཚོགས་པ་རིན་མེད་ངང་འཁྲབ་སྟོན་བྱེད་དུ་བཅུག་ཡོད། འཁྲབ་སྟོན་བྱེད་སྐབས་གློག་གློ་བུར་དུ་ཤི་བས་ཁོང་ཚོས་འཕྲལ་མར་གློག་འདོན་འཕྲུལ་འཁོར་འཁྱེར་ནས་གློག་བཏང་སོང་། བྱ་བ་བཟང་པོ་དེ་འདྲ་དེ་སྔོན་ཧ་ཅང་མཐོང་དཀོན་པོ་རེད”ཅེས་སྣེའུ་གྲོང་ཚོའི་དེ་སྔའི་གྲོང་ཚོའི་ལས་བྱེད་པ་ཞིག་གིས་བཤད་བྱུང་།
          སྟོད་ལུང་བདེ་ཆེན་ཆུས་དམར་ཤང་གི་དེ་སྔའི་ལས་བྱེད་པ་ཞིག་གིས“དེ་སྔ་ང་ཚོའི་མི་སེར་ཚོ་འཁྲབ་སྟོན་ལྟ་འདོད་བྱེད་སྐབས་ཡོན་ཏ་ཀུང་སིས་ང་ཚོར་འཁྲབ་སྟོན་བྱེད་ཀྱི་ཡོད། ད་དུང་ཁོང་ཚོས་དངུལ་བཏང་ནས་རྒན་ཐུབ་བསྟན་ལགས་དང་ལྷ་མོ་ཚོགས་པ་དང་གཏམ་བརྗོད་ཟློས་གར་ཚོགས་པའི་གྲགས་ཅན་འཁྲབ་སྟོན་པ་གདན་དྲངས་བ་མ་ཟད། ང་ཚོ་ཁག་པོ་མི་ཡོང་བའི་ཆེད་ད་དུང་ཁ་ལག་ཀྱང་ཡོན་ཏ་ཀུང་སིས་གྲ་སྒྲིག་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།
          ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པས་ད་དུང་བབ་ཆགས་པའི་སྤྱོད་ཚུལ་ནང་སར་དར་སྤེལ་བཏང་ཡོད། 2009ལོར་ཡོན་ཏ་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པས་གདན་ཞུས་ལྟར་ཧྲན་ཏུང་དུ་འཁྲབ་སྟོན་བྱས་པ་དང་འཁྲབ་སྟོན་མཇུག་འགྲིལ་རྗེས། གཙོ་གཉེར་ཕྱོགས་ཀྱིས“ལྷ་ས་ཡོན་ཏ་འཁྲབ་སྟོན་པའི་འཁྲབ་རྩལ་ལེགས་ལ་མི་གཤིས་ཧ་ཅང་བཟང་པོ་འདུག ཁོང་ཚོས་ང་ཚོར་གཞོགས་འདེགས་གང་ཡག་བྱེད་པ་ལས་ལས་རྙོག་གཅིག་ཀྱང་བཟོས་མ་བྱུང་། ཁོང་ཚོ་ནི་བོད་ཀྱི་དཀར་ཁུང་ལྟ་བུ་ཞིག་དང་འདྲ་བར། ཁོང་ཚོའི་ལུས་ཐོག་ནས་ང་ཚོས་བོད་ཀྱི་གཤིས་རྒྱུད་བཟང་པོ་དང་། གཞུང་དྲང་བ། བབ་ཆགས་པ། ལས་ལ་བརྩོན་པ་བཅས་ཀྱི་ཡ་རབས་ཀུན་སྤྱོད་མཐོང་བྱུང”ཞེས་དེ་ལྟར་གདེང་འཇོག་བཟང་པོ་བྱས་པ་རེད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716