སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ང་ལ་དུས་ཐུང་མྱུར་བའི་རང་བཞིན་གྱི་སྨྱོ་ནད་ཡོད་པས་གཟུར་རྒྱུ་མ་བརྗེད།
སྤེལ་དུས། 2015-09-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དབང་མོ།
   དུས་ཐུང་མྱུར་བའི་རང་བཞིན་གྱི་སྨྱོ་ནད་ཅེས་པའི་མིང་འདི་ཉིན་ཤས་རིང་ལ་རྒྱལ་ཡོངས་ཀྱི་གསར་འགྱུར་ཁག་གི་མགོ་རུ་བཀོད་སོང་བས། མི་འགྱངས་བར་སྔོན་ཆད་བྱུང་མྱོང་བའི་མོས་པ་ཡོད་པའི་བཙན་གཡེམ་ཞེས་པ་དང་། གུང་གསེང་ཚུལ་གྱི་སྨན་བཅོས་ཞེས་པ་ལྟར་ཀྲུང་གོའི་གསར་འགྱུར་གྱི་ལོ་རྒྱུས་སུ་དགོད་པར་འགྱུར་ངེས། ནན་ཅིང་གི་ཀླད་པའི་ཚན་ཁག་གི་སྨན་ཁང་གིས་དམར་ཁྲིད་ཀྱི་ཐབས་འདི་ལྟ་བུ་སྤྱད་ནས་སེམས་ནད་རིག་པའི་བརྡ་ཆད་ཅིག་འདི་ལྟར་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་པར་བྱས་སོང་ལ། ཉིན་འདི་དག་རིང་ནད་འདི་ཕོག་ཡོད་པའི་མིའང་ཇེ་མང་དུ་འགྱུར་བཞིན་འདུག དྲ་བའི་ལམ་དུ་མི་ལ་ལས་ཀུ་རེ་ཡི་ཚུལ་དུ། ང་ལ་དུས་ཐུང་མྱུར་བའི་རིང་བཞིན་གྱི་སྨྱོ་ནད་ཡོད་པས་གཟུར་རྒྱུ་མ་བརྗེད་ཅེས་བརྗོད་བཞིན་ཡོད། 
    དེང་གི་གནས་ཚུལ་འོག་འདི་ནི་སྤྱིར་བཏང་གི་དགོད་གཏམ་ཞིག་ཏུ་བརྩི་མི་འོས་སྟེ། སྔོན་ཆད་མི་ལ་ལ་ཞིག་སྨྱོས་པར་བརྩིས་པའི་གསར་འགྱུར་ཐོན་མྱོང་ཡོད་མོད། དེང་སང་རང་གིས་རང་སྨྱོས་པར་བརྫུས་ཤིང་འདི་ཉིད་ཉེས་ཆད་ལས་གཡོལ་བའི་སྲུང་འཁོར་ཞིག་དུ་བརྩི་བཞིན་ཡོད། ཡང་གྲོང་ཁྱེར་ནན་ཅིང་དུ་ཉིས་སྟོང་དགུ་ལོར་བཟའ་ཚང་གི་རྩོད་གཞི་བྱུང་ཡོད་པར། དོ་བདག་བུད་མེད་ཀྲང་གི་ཁྱོ་ཀའི་ཆུང་མ་སྔོན་མ་ཐའོ་ཟེར་བ་ཞིག་གིས་སྐྱེས་པ་གཉིས་ཁྲིད་ཅིང་། བུད་མེད་ཀྲང་ཟེར་བར་ཉེས་རྡུང་ཚ་ནན་ཞིག་བཏང་ཡོད། དོན་རྐྱེན་བྱུང་རྗེས་ཉེན་རྟོག་པས་བུད་མེད་ཐའོ་ཟེར་བས་ཉེས་ཁྲིམས་འགན་འཁྲི་དང་དམངས་ཁྲིམས་འགན་འཁྲི་གང་ཡང་འཁུར་མི་དགོས་ཞེས་ཐག་བཅད་ཡོད་ཅིང་། རྒྱུ་མཚན་ནི་ཐའོ་ཡིས་སྙིང་ཁམས་ལ་སྐྱོན་ཡོད་པའི་དཔང་ཡིག་ཅིག་ཉར་ཡོད་པས་རེད། ཕྱིས་སུ་གསར་འགོད་པས་ལྐོག་ཏུ་ཐའོ་ལ་སྐད་ཆ་དྲིས་དུས་ཐའོ་ཡིས་སྙིང་ཁམས་ལ་སྐྱོན་ཡོད་པའི་དཔང་ཡིག་དེ་ནི་འབྲེལ་བ་བརྒྱུད་ནས་ཐོབ་ཐབས་བྱས་པ་མོ་རང་གི་ངག་ལས་ཐལ་ཡོད། ཐའོ་ལ་སྙིང་ཁམས་ལ་སྐྱོན་ཡོད་པའི་དཔང་ཡིག་སྟེར་མཁན་ཡང་ང་ཚོས་རྩོམ་འདིའི་མགོ་རུ་གླེང་མྱོང་བའི་ནན་ཅིང་གི་ཀླད་པའི་ཚན་ཁག་གི་སྨན་ཁང་རེད། 
  ད་ལོ་རྒྱལ་ཡོངས་ལ་གྲགས་འགུལ་བསླངས་པའི་ནན་ཅིང་གི་འཇེབ་འཁོརBMWགཏོང་མཁན་གྱིས་བྱུར་རྐྱེན་བསགས་ཤིང་། མི་གཉིས་རྐྱེན་ལམ་དུ་བཏང་ཞིག་གཅིག་རྨས་པའི་དོན་རྐྱེན་དེར། ཁྲིམས་འཛིན་ཆོད་སྡོམ་ནི་བྱུར་རྐྱེན་ཁ་ལོ་བ་ཝང་ཅེ་ཅིན་གྱིས་བྱུར་ཉེས་གསོག་པའི་སྐབས་སུ་དུས་ཐུང་མྱུར་བའི་རང་བཞིན་གྱི་སྨྱོ་ནད་ཕོག་ཡོད་པས་ཚད་ཡོད་པའི་ཉེས་དོན་འགན་འཁྲིའི་ནུས་པ་ཡོད་ཅེས་བྲིས་ཡོད། ཚད་ཡོད་པའི་ཉེས་དོན་འགན་འཁྲི་ནུས་པ་ཞེས་པ་ནི་ཁྲིམས་ཀྱི་བརྡ་ཆད་ཅིག་ཡིན་ཞིང་། འདིའི་གོ་དོན་ནི་ཁྲིམས་ཀྱི་འགན་ཁུར་འཁུར་འོས་མོད། ཉེས་ཆད་ཆག་ཡང་བཏང་ཆོག་ཅེས་པའི་དོན་རེད། དེའི་ཕྱིར་ཁྲིམས་འཛིན་ཆོད་སྡོམ་འདི་གཏན་འཁེལ་བྱུང་བ་ཡིན་ན་མི་གཉིས་ཀྱི་སྲོག་འཕྲོག་ཅིང་མི་ཅིག་རྨས་པའི་འགྲིམ་འགྲུལ་བྱུར་རྐྱེན་དེའི་གཏེ་བོ་འདི་ལ་ཕོག་པའི་ཁྲིམས་ཆད་ཀྱང་ཇེ་ཡང་ལ་འགྲོ་རྒྱུ་རེད། དེའི་ཕྱིར་དེང་སང་སྨྱོ་ནད་ཕོག་པའང་དོན་བཟང་ཞིག་ལ་གྱུར་ཡོད། མི་ལ་ལས་སེམས་ཁམས་ཚན་ཁག་གི་སྨན་ཁང་ཁག་ལ་བརྡ་བསྐུར་ནས་ངས་སྒོར་འབུམ་གསུམ་སྤྲད་ན་དུས་ཐུང་མྱུར་བའི་རང་བཞིན་གྱི་སྨྱོ་ནད་ཡོད་པའི་དཔང་ཡིག་ཅིག་བཟོ་ཐུབ་བམ། ང་ལ་ཤ་འཁོན་འགའ་རེ་བསློག་རྒྱུ་ཡོད་ཅེས་བརྗོད་བཞིན་ཡོད། 
  དུས་ཐུང་མྱུར་བའི་རང་བཞིན་གྱི་སྨྱོ་ནད་ཟེར་བ་ནི་ཅི་ཞིག་རེད་ཟེར་ན། སེམས་ནད་རིག་པའི་ངོས་ནས་བཤད་ན་དངོས་གནས་ནད་རིགས་འདི་འདྲ་བ་ཞིག་ཡོད་པ་དང་། སློབ་དེབ་དུ་ནད་རིགས་འདི་བྱུང་བ་གློ་བུར་དང་། ན་ཡུན་ཐུང་བ། ནད་རྟགས་ལ་འཁྲུལ་སྣང་དང་། དོན་གྱིས་སྟོང་བའི་ཧམ་པ་སོགས་སྨྱོ་བའི་ནད་ཀྱི་རྟགས་འཆར་བ་རེད་ཟེར། ནད་འདི་ཐུང་ན་དུས་ཡུན་ཉིན་འགའ་དང་། རིང་ན་ཟླ་གཅིག་ཡས་མས་ལ་གནས་ཤིང་། རིམ་གྱིས་རང་བཞིན་གྱིས་ཡལ་འགྲོ་བར་བཤད། སློབ་དེབ་དུ་གཞན་ཡང་ནད་འདི་ཕྱི་རོལ་ཡུལ་གྱིས་ཚུར་སྣང་དྲག་པོ་སྤྲད་པས་བྱུང་བ་ཡིན་པས་མི་སྤྱིར་བཏང་བ་ལའང་དུས་ཐུང་མྱུར་བའི་རང་བཞིན་གྱི་སྨྱོ་ནད་ཀྱི་ནད་རྟགས་འབྱུང་སྲིད་ཅེས་བརྗོད་ཡོད། འདི་ལས་རིག་པ་དེད་ན་མི་ཞིག་གིས་མི་གསོད་ཁྲག་སྦྱོར་གྱི་ལས་ཀ་བྱེད་སྐབས་སུ་དུས་ཐུང་མྱུར་བའི་རང་བཞིན་གྱི་སྨྱོ་ནད་བྱུང་ཡོད་སྲིད། རྒྱུ་མཚན་གྱི་མི་ཞིག་གིས་ཁྲིམས་དང་འགལ་བའི་ལས་ཀ་སྒྲུབ་སྐབས་སེམས་ཁམས་རྒྱུན་ལྡན་མིན་པའི་སྣང་ཚུལ་ནི་འབྱུང་སྲིད་པ་ཞིག་རེད། འདི་ལྟར་བརྗོད་ན་ཁྲིམས་དང་འགལ་བའི་ཉེས་གསོག་གི་ལས་ཀ་ཕལ་ཆེ་བ་སེམས་ཁམས་ཀྱི་ནད་རིགས་དུས་ཐུང་མྱུར་བའི་རང་བཞིན་གྱི་སྨྱོ་ནད་ལྟ་བུ་ཡོད་པར་ཁ་གཡར་ནས་ཉེས་པ་ཆག་ཡང་ལ་ཤོར་འགྲོ།
  ནན་ཅིང་ཀླད་པའི་ཚན་ཁག་གི་སྨན་ཁང་གིས་ཁྲིམས་འཛིན་ཆོད་སྡོམ་འདིའི་སྐོར་ལ་ཕྱིས་སུ་འགྲེལ་བརྗོད་བྱེད་སྐབས་སུ། སེམས་ཁམས་སྨན་པས་ཝང་ཅེ་ཅིན་ལ་ནད་ཕོག་ཡོད་མེད་བརྟག་པའི་ཐབས་ནི་ཞིབ་ཆ་ཆེ་བའི་ཚན་རིག་གིས་དཔྱད་ཆས་བཀོལ་བ་མ་ཡིན་པར། ཝང་ཅེ་ཅིན་གྱི་རྣམ་རིག་དང་། སྐད་ཆ། སྤྱོད་པ། ད་དུང་ཁོའི་ནང་མིའི་ཝང་ཅེ་ཅིན་གྱི་གནས་ཚུལ་གླེང་བ་སོགས་ལ་བརྟེན་ནས་ཐག་བཅད་པ་ཤེས་ཐུབ། འདི་ལས་ང་ཚོས་ཝང་ཅེ་ཅིན་དང་འབྲེལ་བའི་ཆོད་སྡོམ་འདི་ལ་རང་སྣང་གི་ཆ་སྟེ། ཕྱི་རོལ་ཡུལ་ཅན་ལ་གཞི་མ་བཅོལ་བའི་ཆ་གསལ་བོ་ཡོད་པ་ཤེས་ཐུབ།
དོན་འདི་གླེང་བའི་སྐབས་སུ་འཛམ་གླིང་ལ་མིང་དུ་གྲགས་པའི་རོ་སིན་ཧན་གྱི་ཚོད་ལྟ་ཞེས་དྲན་དུ་འཇུག སྤྱི་ལོ་གཅིག་དགུ་དོན་གསུམ་ལོ་ལ་ཨ་རིའི་སི་ཐན་ཧྥུ་སློབ་ཆེན་གྱི་ཞིབ་འཇུག་པ་རོ་སིན་ཧན་གྱིས་ནད་པ་རྫུན་མ་བརྒྱད་སེམས་ནད་སྨན་ཁང་བཅུ་གཉིས་ལ་ཞུགས་སུ་བཅུག་ཅིང་། ཚང་མས་རང་རང་གི་ནད་རྟགས་བརྗོད་སྐབས་སྐད་ཆ་དང་པོ་ནི་རང་གིས་རྣ་ལམ་དུ་ལྡིར་སྒྲ་དང་སྐག་སྒྲ་གྲགས་བཞིན་འདུག་ཟེར་བ་དང་། ནད་རྟགས་འདི་ཕུད་པའི་བྱ་སྤྱོད་ཚང་མ་རྒྱུན་ལྡན་ལྟར་བྱས་ཤིང་། སྨན་ཁང་ལ་སྤྲད་པའི་གནས་ཚུལ་ཚང་མའང་བདེན་པར་བྱས། མཐར་མི་གཅིག་ཕུད་པའི་གཞན་ཚང་མར་སེམས་ཁམས་འཆོལ་བའི་སྨྱོ་ནད་ཕོག་ཡོད་པར་ངོས་བཟུང་ཡོད། ཚོད་ལྟ་འདི་ནི་ཀུན་གྱིས་སེམས་ནད་ངོས་འཛིན་གྱི་ཚད་ཐིག་ལ་སྐྱོན་བརྗོད་པའི་ཚོད་ལྟ་གཙོ་བོ་ཞིག་ལ་བརྩི་བཞིན་ཡོད་པ་རེད།
  སེམས་ནད་རིག་པ་རང་ལ་རང་སྣང་གི་ཆ་དེ་འདྲ་ཡོད་པས། ཆོད་སྡོམ་འཇོག་མཁན་གྱི་བདེན་དྲང་གི་ཆ་ནི་ཧ་ཅང་གལ་ཆེན་པོ་ཡོད། ནན་ཅིང་གི་འགྲིམ་འགྲུལ་བྱུར་ཉེས་ལྟ་བུའི་དོན་རྐྱེན་ཆེན་པོའི་ཁྲོད་དུ། གལ་སྲིད་མང་ཚོགས་ཀྱིས་ཡིད་མ་ཆེས་ཤིང་ཁས་མ་བླངས་ན་སུ་ལ་ལེ་འདེད་དགོས་པ་ནི་ཁ་གསལ་བོ་རེད། 
    ཁ་བྱང་ཕྱི་མོ། ང་ལ་དུས་ཐུང་མྱུར་བའི་རང་བཞིན་གྱི་སྨྱོ་ནད་ཡོད་པས་གཟུར་རྒྱུ་མ་བརྗེད།
(རྩོམ་འགན་པ། བསྟན་འཛིན)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070