སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གཉིད་ལོག་པའི་སྐབས་སུ་ཉལ་སྟངས་ལ་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན།
སྤེལ་དུས། 2015-07-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དྲི་བ་ཀུན་འདུས།

  

  གཉིད་ལོག་པ་ནི་མི་ལུས་ལ་ཆེས་མཁོ་བའི་ངལ་གསོའི་ཐབས་ཤེས་ཤིག་ཡིན།གཉིད་ལོག་གི་བཟང་ངན་གྱིས་ཉིན་མོའི་སློབ་སྦྱོང་དང་བྱ་བའི་མཇུག་འབྲས་བཅས་ལ་ཤུགས་རྐྱེན་ཡང་ཐེབས་སྲིད་པ།   གཉིད་ལོག་ལེགས་པོ་ནི་གཉིད་ལོག་གི་དུས་ཚོད་དང་ཁོར་ཡུག་ལ་རག་ལས་པ་མ་ཟད།   ད་དུང་གཉིད་རོལ་བའི་ཉལ་སྟངས་བཅས་ལ་ཡང་འབྲེལ་བ་ཡོད།

  དེ་ཡང་མི་ལ་ལ་ཁ་བུབ་ཏུ་ཉལ་བར་དགའ་སྟེ།    བྲང་གཞུང་ཐུར་དུ་གཏོད་པ་དང་རྒྱབ་ངོས་གནམ་ལ་གཏད་པ།   ཚུལ་འདི་ལྟར་ཉལ་ན་ཧ་ཅང་བདེ་འཇགས་སུ་སྣང་།  འོན་ཀྱང་།   ཁ་བུབ་ཏུ་ཉལ་དུས་རྐང་པ་དང་ལུས་གཞུང་།   ཆུ་རྒྱུས་དང་ཤ་གནད་ཁ་ཤས་བསྣད་པས་རྐྱོང་སྐུམ་དང་ངལ་གསོ་བྱེད་དཀའ་ལ།   ལུས་པོའི་ལྗིད་ཚད་ཀྱིས་བྲང་ཁོག་གི་འགུལ་སྐྱོད་ལ་བཙན་སྣོན་བྱེད་པ་ན་གློ་བའི་འབྱིན་རྔུབ་ལ་གནོད་པ་དང་།   སྙིང་གི་བྱེད་ལས་བཅས་ལའང་ཤུགས་རྐྱེན་ཐེབས་པ་རེད།   དེ་མ་ཟད་བྲང་ཁོག་དང་གསང་གནས་སོགས་ལ་གནོན་བ་ཙིར་ཐེབས་པ་ན།   ན་ཆུང་གཞོན་ནུའི་སྐྱེ་འཕེལ་འཚར་ལོངས་ལ་ཡང་གནོད་པ་འབྱུང་སྲིད།   ཁ་བུབ་ཏུ་ཉལ་དུས་མགོ་བོ་རྒྱུན་པར་གཞོགས་གཅིག་ཏུ་འཁོར་ཡོད་པས།  དེ་ནི་སྔས་འབོལ་གྱིས་ཁ་སྣའི་དབུགས་སྒོ་མི་བཀག་པའི་ཆེད་དུ་ཡིན་མོད།   འོན་ཀྱང་དེ་ལྟར་དུས་ཡུན་རིང་ན་མཇིང་བའི་གཞོགས་ཟུར་གྱི་ཤ་གནད་བསྣད་ནས་རྨས་སྐྱོན་བཟོ་བའི་ཉེན་ཁ་ཡང་མཆིས།   དེ་ཕྱིར།  ཁ་བུབ་ཏུ་ཉལ་བ་ནི་ཆེས་ཚན་རིག་དང་མི་མཐུན་པའི་ཉལ་སྟངས་ཡིན་པས།   ཧུར་ཐག་གིས་སྒྱུར་ཐབས་བྱེད་དགོས།

  ཡང་མི་ཁ་ཤས་གན་རྐྱལ་དུ་ཉལ་བའི་གོམས་གཤིས་ཡོད་དེ།   ལུས་དྲང་པོར་བསྲིངས་བ་དང་།    རྐང་ལག་བརྐྱང་ནས་ཉལ་ན་སྒལ་འབུར་གྱི་ནད་ལ་སྔོན་འགོག་བྱེད་ཐུབ་པ་དང་།   སྒལ་ཚིགས་དང་རུས་པའི་སྐྱེ་འཕེལ་ལ་ཕན་པ་དང་།   གཟུགས་སྐྱེ་བར་སྐུལ་འདེད་བྱེད་ཐུབ་པར་བསྙམས་མོད།  ཡིན་ན་ཡང་།   མི་ལུས་ཀྱི་ཤ་གནད་ཆགས་སྟངས་ལྟར་ན་གན་རྐྱལ་དུ་ཉལ་བ་དང་ཁ་བུབ་ཏུ་ཉལ་བ་ནི་གཅིག་འདྲ་ཡིན་ཏེ།   ལུས་གཞུང་དང་རྐང་པའི་གཞོགས་ཕྱེད་ཀྱི་ཤ་གནད་སྔར་བཞིན་དུ་སྒྲིམ་པར་གནས་འདུག་པས།  ངེས་ཤིང་འཚམ་པའི་ངལ་གསོ་ཞིག་བྱེད་མི་ཐུབ།

  གལ་ཏེ་གན་རྐྱལ་དུ་ཉལ་དུས་ལག་ཟུང་བྲང་ཁར་བཞག་པའམ་ཉལ་གོས་མཐུག་པོས་གནོན་ཤུགས་ཀྱིས་གློ་བའི་བྱེད་ལས་རྒྱུན་ལྡན་དུ་བྱེད་མི་ཐུབ་པ་ན།  རྨི་ལམ་མང་བ་དང་དངངས་སྐྲག་སྐྱེས་སུ་འཇུག་འཇུག་པ་དང་།   ཡང་ན་སྔུར་བ་འཐེན་པར་གྱུར་པའི་མི་ཁ་ཤས་གན་རྐྱལ་དུ་གཉིད་ལོག་བྱེད་སྐབས་ཐུར་དུ་རྒྱུ་བའི་དབུགས་ཀྱིས་ལྕེ་རྩར་རྡེབ་མ་ཐག་ཧུར་ཧུར་གྱི་སྔུར་སྒྲ་ཡང་འབྱིན་སླའོ།།

  དེ་ཡང་རྩིབ་ལོགས་སུ་ཉལ་དུས་ལུས་པོ་ནི་མདུན་ཕྱོགས་སུ་ཅུང་བཀུག་ཡོད་ལ།  ཡན་ལག་གི་ཚིགས་ཕལ་ཆེར་ལྷོད་ལ་ཅུང་ཙམ་འཁུམ་འདུག་པས་ན།   འདི་ནི་ཆེས་ལེགས་པའི་ངལ་གསོའི་རྣམ་པ་ཞིག་ཡིན་པ།  དེ་ཕྱིར།  རང་རྒྱལ་གནའ་རབས་སུ་གཞུ་ལྟར་ཉལ་བ་ཞེས་བཤད་སྲོལ་ཡོད།   དེ་བས་ན།   རྩིབ་ལོགས་སུ་ཉལ་བའི་ཉལ་སྟངས་ནི་ཆེས་ལེགས་པའི་གཉིད་ལོག་གི་རྣམ་པ་ཞིག་ཡིན། 

  ལུས་གཞུང་དང་ཡན་ལག་བཞི་བོ་མ་གཏོགས།  མགོ་སྐེ་སོགས་ཀྱི་ཉམས་ཀྱང་ཧ་ཅང་གལ་ཆེ་བ་ཡིན།  མི་ལུས་ཀྱི་སྐེ་ཚིགས་ཀྱང་མདུན་དུ་འབུར་ཡོད་པས།   སྔས་མགོ་མེད་པའམ་སྔས་མགོ་དམའ་དྲགས་ན་སྐེ་ཡི་ཤ་གྲིམ་མི་ལྷོད་པས།  མགོ་བོའི་ཁྲག་རྩ་རྒྱས་ནས་སྔར་མོར་ཡར་ལངས་དུས་མགོ་ན་བ་དང་མིག་ལྕིབས་སྐྲངས་པར་གྱུར་སྲིད།  སྔས་མགོ་མཐོ་དྲགས་ན་ཡང་སྐེ་རྒྱབ་ཀྱི་ཤ་གནད་དང་ཁྲག་རྩ་བསྣད་པར་བརྟེན།   དེ་ཡང་གཉིད་ལོག་རྗེས་སྐེ་ཟུག་རྒྱག་པ་དང་མགོ་ཡུ་འཁོར་ནས་ཀླད་པ་སྦོས་སྙམ་བྱེད་པའི་ཚོར་བ་བྱུང་།   དེ་བས།  ཞིབ་འཇུག་བྱས་པ་ལྟར་ན་སྲབ་མཐུག་ལི་སྨི་8ནས་15བར་གྱི་སྔས་འབོལ་ནི་འཚམ་པ་ཡིན།   གན་རྐྱལ་དུ་ཉལ་སྐབས་སྔས་འབོལ་གྱི་མཐོ་ཚད་ནི་ཆག་གང་ཡས་མས་དང་གཞོགས་སུ་ཉལ་དུས་ཆག་གང་དང་ཕྱེད་ཀྱི་མཐུག་ཚད་ནི་ཆེས་འཚམ་པ་ཡིན།

  གཉིད་ལོག་པའི་ཉལ་སྟངས་བཟང་ན་གཉིད་བདེ་བ་དང་གཉིད་སྐྱིད་པོར་ཡོང་བས་སང་ཉིན་གྱི་རྣམ་རིག་ཇེ་གསལ་དུ་འགྲོ་བ་དང་སྤྲོ་བའང་སྐྱེད་ཐུབ་པ་ཡིན་ནོ། །

རྩོམ་འགན་པ། སྒྲོལ་ཚེ།)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070